ལྷ་སའི་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་པར་སེམས་ཚབས་ཀྱི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་འདུག

2024.10.04
ལྷ་སའི་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་པར་སེམས་ཚབས་ཀྱི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་འདུག ལྷ་སའི་གཙུག་ལག་ཁང་གི་སྟེང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་པར་སེམས་ཚབས་ཀྱི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་པ། ༡༠།༠༡།༢༠༢༤
མི་སེར་གྱི་འདྲ་པར།

དེ་ཡང་ཕྱི་ཟླ་༡༠པའི་ཚེས་༤ཉིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲ་གནས་ཐོག་བོད་ནང་གི་བརྙན་ཐུང་ཞིག་ཁྱབ་སྤེལ་འགྲོ་བཞིན་པའི་གནས་ཚུལ་སྤེལ་བའི་ནང་། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་པའི་བརྙན་ཐུང་ཞིག་བརྒྱུད་བཀོད་བྱས་ཡོད་པ་རེད། བརྙན་ཐུང་དེའི་ནང་། རྒྱ་ནག་དམར་ཤོག་གཞུང་གི་འབྲེལ་ཡོད་ཉེན་རྟོག་པ་སྐྱེས་པ་གསུམ་གྱིས། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་ཤུགས་ཆེན་པོས་གཏོང་བཞིན། རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་བཞིན་ཡོད་པ་མི་མང་པོས་བརྙན་བླངས་ནས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་བའི་གཤམ་ལ་མི་མང་པོས་མཆན་དང་བསམ་ཚུལ་བྲིས་ཡོད་པའི་ནང་། མང་པོ་ཞིག་གིས་སེམས་ཚབས་ཀྱི་རྣམ་འགྱུར་བསྟན་འདུག
དཔེར་ན། མི་མང་པོ་ཞིག་གིས་བརྙན་དེའི་གཤམ་ལ་ངུ་བཞིན་པའི་མཚོན་དོན་རི་མོ་སྤེལ་བ་དང་། མཆན་འབྲི་མཁན་ཚོས་བོད་མི་ཞིག་གིས་དམའ་འབེབས་ལ་ནམ་ཡང་མ་ཞུམ་པར། གངས་ཅན་ལྗོངས་སུ་སྐྱ་རེངས་འཆར་བར་ཤོག་གངས་ལྗོངས་ཡོངས་ལ་འོད་སྣང་བསུ་བར་ཤོག་ཅེས་དང་། གཞན་ཞིག་གིས་ཅིའི་ཕྱིར་རྒྱ་ནག་གི་དར་དམར་དེ་གཙུག་ལག་ཁང་གི་ཡང་སྟེང་དུ་བསྒྲེངས་འཛུགས་དགོས་བ་ཡིན་ནམ་ཞེས་དྲི་བ་དྲིས་འདུག ད་དུང་ཁག་ཅིག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་ནང་བསྟན་རྩ་ཆེའི་གཙུག་ལག་ཁང་ཐོག་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་ནས་ད་ཆ་རྒྱ་ནག་གི་རྒྱལ་དར་ཆོས་ཕྱོགས་ཀྱི་གནས་ཆེན་དུ་ཡང་སླེབས་ཡོད་པའི་ཉེན་བརྡ་བཏང་འདུག གཞན་ཁ་ཤས་ཀྱིས་དེ་སྔ་གངས་སེང་གི་དར་ཆ་བསྒྲེངས་སར་ད་ཆ་རྒྱ་ནག་གི་རྒྱལ་དར་བསྒྲེངས་བ་མཐོང་དུས་ཡིད་ལ་མི་བདེ་བ་འདུག་ཚུལ་དང་། བྱ་སྤྱོད་དེས་བོད་མིར་ཕོག་ཐུག་བཏང་བ་དང་བོད་མིར་དམའ་འབེབས་བྱས་བ་ཡིན་ཚུལ་བྲིས་འདུག ད་དུང་གཅིག་གིས་འདི་ནི་དགོད་བྲོ་བ་རེད། རྒྱལ་ཁབ་སྟོབས་ཆེན་ཡིན་ཚུལ་མཚོན་གྱི་ཡོད་དམ། སྟོབས་ཆེན་ཨ་རིའི་ནང་ལྷ་ཁང་སྟེང་ལ་རྒྱལ་དར་བཙུགས་ཡོད་པ་རེད་དམ། ཟེར་བ་སོགས་བྲིས་ནས་སེམས་ཚབས་ཀྱི་རྣམ་འགྱུར་སྟོན་མཁན་མང་པོ་བྱུང་འདུག
གནས་ཚུལ་དེའི་ཐད་དོ་སྣང་བྱུང་མཁན་ས་དཀར་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་བྱས་བར་བློ་ཚབས་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། རྗེས་སུ་བརྙན་དེ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ནས་བསུབ་ཚར་ཡོད་འདུག དེ་བཞིན་ད་ལོ་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་སྐབས་བོད་ནང་གི་དགོན་སྡེ་ཁག་མང་པོར་དར་དམར་བསྒྲེངས་འཛུགས་དགོས་བའི་བཀོད་ཁྱབ་བཏང་ཡོད་འདུག
བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་སྔོན་མ་ཅང་ཙེ་མིན་གྱི་སྐབས་ནས་བོད་ནང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་དང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོའི་འདྲ་པར་བཤམ་འཇུག་བཞིན་ཡོད་པ་རེད། རྒྱ་ནག་དམར་ཤོག་གི་བྱེད་སྟངས་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་ནང་གི་བོད་མི་ཚོའི་ཆོས་དད་མེད་པར་བཟོ་ཐབས་དང་། དེ་ལས་དམར་ཤོག་གཞུང་གི་རྒྱལ་དར་དེ་གལ་ཆེ་བར་འཛིན་དགོས་པའི་བཙན་བཀའ་དང་ཆབ་སྲིད་ཀྱི་ལག་ཆ་ཡིན་པ་རེད། ད་དུང་སློབ་མ་ཚོའི་སྐེ་དར་དམར་པོ་དང་། དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་སོགས་ནི་བོད་ཀྱི་མི་རབས་གསར་པ་ཚོར་རྒྱ་ནག་དམར་ཤོག་གི་ལྟ་བ་དེ་བརྟན་པོར་འཛིན་བཅུག་གི་ཡོད་པ་དང་། དེའི་ཕུགས་དམིགས་ནི་བོད་མི་རིགས་རྒྱ་བསྒྱུར་དང་མེད་པར་བཟོ་ཐབས་སུ་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།


གསར་འགོད་པ། སྐལ་བཟང་སྒྲོལ་མ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎