ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་ཞི་ཡན་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུག་བྱེད་ཐབས་བྱས་ཀྱང་ངོས་ལེན་གནང་མི་འདུག

2023.07.18
ཨ་ཉ་སེང་སྒྲ་ལགས་ཀྱི་གྱོད་དོན་ཞི་ཡན་མཐོ་རིམ་ཁྲིམས་ཁང་ལ་གོང་གཏུག་བྱེད་ཐབས་བྱས་ཀྱང་ངོས་ལེན་གནང་མི་འདུག ཨ་ཉ་སེང་སྒྲ་ལགས་དང་ཁོང་གི་ཁྲིམས་རྩོད་པས་སྤེལ་བའི་ཡིག་ཆ།
སྒྲིག་བཟོ། /RFA

ད་སྐབས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་བསྡད་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བ་ཨ་ཉ་སེང་སྒྲ་ལགས་སུ་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཆད་བཅད་དེ་ལོ་ལྔ་འཁོར་ལ་ཉེ་བའི་སྐབས་འདིར། ཁོང་གི་ཁྲིམས་རྩོད་པས་མུ་མཐུད་དུ་གོང་གཏུག་བྱེད་ཐབས་བྱས་ཀྱང་རྒྱ་ནག་གི་ཕྱོགས་ནས་ངོས་ལེན་བྱས་མི་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁོང་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
ཨ་ཉ་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཆིས་ལེ་(Lin Qilei)་ཡི་(twitter)་དྲྭ་བར་འདི་ཚེས་༡༡ཉིན་གནས་ཚུལ་སྤེལ་བའི་ནང་། ཕྱི་ལོ་༢༠༢༣ལོའི་ཟླ་༧པའི་ཚེས་༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་བའི་སྟེང་། ང་རང་མཚོ་སྔོན་གྱི་བོད་མི་ཨ་ཉ་སེང་སྒྲའི་གོང་གཏུག་གྱོན་དོན་གྱི་ངོ་ཚབ་བྱས་ཏེ། ཞི་ཨན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ཁང་དྲུག་པར་སོང་བ་ཡིན། སྣེ་ལེན་བྱེད་ས་ནས་ངས་གྱོད་དོན་དེའི་ད་ལྟའི་གནས་བབ་སྐོར་དྲིས་སྐབས། དེར་ཡོད་པའི་བུད་མེད་དེས་གྱོན་དོན་དེ་འདྲ་ཞིག་མི་འདུག་ལབ་སོང་། ངས་བསྟུན་མར་རེ་འདུན་བཏོན་པས་མོས་ང་རང་ཁྲིམས་འཛིན་ལས་བྱེད་པའི་སར་བཏང་སོང་། ངས་ཁོ་ལ་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གོང་གཏུག་ངོས་ལེན་མ་བྱས་པའི་བརྡ་ཐོ་བསྟན་པ་ཡིན། ཁྲིམས་དོན་ལས་བྱེད་པ་དེས་དེ་ཕྱི་ཟླ༦པའི་ཚེས་༦ཉིན་གྱི་གྱོན་དོན་ཡིག་ཆ་རེད། ཡིག་ཆར་བསྐྱར་ཞིབ་བྱེད་པར་ཟླ་བ་གསུམ་འགོར་རྒྱུ་རེད། དེ་བས་ཕྱི་ཟླ་༩པའི་ཚེས་༦ ཉིན་ཡང་བསྐྱར་ཤོག་ཅེས་བཤད་བྱུང་། ངས་ཡང་ནས་ཡང་དུ་ང་ལ་ཁོང་ཚོའི་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་ཤིག་མཁོ་སྤྲོད་གནང་རོགས་ཞེས་རེ་འདུན་ཞུས་ཀྱང་། ཁོས་ཁ་པར་ཨང་གྲངས་ཤིག་ཡོད་པའི་དབང་དུ་བཏང་ན་ཡང་ངས་ཁྱོད་ལ་སྤྲད་ཆོག་གི་མ་རེད་ཅེས་བཤད་སོང་། ཞི་ཨན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་བྱེད་པའི་བྱ་སྤྱོད་འདི་འདྲའི་འོག་མི་ཚོར་ཁ་པར་ཨང་གྲངས་ཙམ་ཡང་མ་སྤྲད་ན་གྱོད་དོན་སོ་སོའི་སྐབས་ཐོག་གནས་བབ་ཇི་ལྟར་ཤེས་རྟོགས་ཐུབ་ཀྱི་རེད་དམ། ཅེས་བྲིས་འདུག
འདས་པའི་ལོ་ཤས་རིང་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ལིན་ཆིས་ལེ་ཡིས་སྙིང་སྟོབས་ཆེན་པོས་ཁོང་ཉིད་ཀྱི་གྱོད་དོན་ཐག་གཅོད་ཐད་གོང་རིམ་ཁྲིམས་ཁང་ལ་བསྐྱར་གཏུག་བྱེད་ཐབས་བྱས་ཀྱང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བ་གཉིས་ཀས་ཁོང་གི་གོང་གཏུག་ལ་ངོས་ལེན་མ་བྱས་པར་བརྟེན་ཁོང་གི་གྱོན་དོན་ཞི་ཨན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་གོང་གཏུག་བྱེད་ཐབས་བྱས་འདུག ཨ་ཉ་སེང་སྒྲ་ལགས་སུ་སྤྱི་ཚོགས་ཟིང་སློང་གི་ནག་ཉེས་གཡོག་པ་དེ་ནི་བསམ་བཞིན་དུ་ཁོང་ཉིད་ཀྱི་ཁ་འགོག་ཐབས་དང་། ཁོང་གི་ལས་འགུལ་མཚམས་འཇོག་ཡོང་ཐབས་ལ་དམིགས་པའི་ཁག་འཇོག་ས་ཞིག་ཡིན་པར་བརྟེན་ཁོང་གིས་ད་བར་ཉེས་འཛུགས་དེར་རྩ་བ་ནས་ངོས་ལེན་གནང་མེད་པ་རེད།
གནད་དོན་དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་དོན། རྒྱ་གཞུང་གིས་ཨ་ཉ་སེང་སྒྲའི་གོང་རིམ་ཞུ་གཏུག་ལ་ངོས་ལེན་མ་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཨ་ཉ་སེང་སྒྲ་ལགས་ལ་ཁྲིམས་མེད་ལུགས་མེད་ཀྱིས་ཉེས་ཆད་དང་མནར་གཅོད་གཏོང་བ་དེ་ནི་གཞི་རྩའི་འགྲོ་བ་མའི་ཐོབ་ཐང་དང་འགལ་བའི་གནད་དོན་ཚབས་ཆེན་ཞིག་ཡིན་པ་མ་ཟད། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཚར་གཅོད་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་པ་ཁག་དང་ཡོངས་སུ་འགལ་བ་ཡིན། རྒྱ་ནག་གཞུང་གིས་ཨ་ཉ་སེང་སྒྲ་དང་འབྲེལ་ཡོད་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་མ་ཟད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་གིས་ཨ་ཉ་སེང་སྒྲ་དང་ཁོང་གི་ཕྱག་རོགས་ཚོས་ལྐོག་ས་རུལ་སུངས་ཀྱི་བྱས་ཉེས་ཐེར་འདོན་བྱ་སའི་ཁུལ་གྱི་ལས་བྱེད་ཚོས་དངོས་སུ་ལྐོག་ཟ་བྱས་ཡོད་པ་ཁུངས་སྐྱེལ་བྱས་ཟིན་ཡོད་པས་ལྐོག་ཟ་བྱེད་མཁན་དེ་དག་གི་ད་ལྟའི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་འགོག་རྒོལ་བྱེད་མཁན་ཨ་ཉ་སེང་སྒྲ་ལགས་ཆབ་སྲིད་ཀྱི་ངན་ཇུས་འོག་ནས་གང་བྱུང་འཇུ་བཟུང་དང་། དྲང་བདེན་མ་ཡིན་པའི་བཙོན་འཇུག་ཁྲིམས་ཆད་བཅད་དེ་ལོ་ལྔ་འཁོར་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཁོང་གི་གྱོད་དོན་གོང་གཏུག་བྱ་བར་འགོག་རྐྱེན་སྣ་ཚོགས་བཟོ་བཞིན་ཡོད་པ་རེད།
མདོ་སྨད་མགོ་ལོག་དགའ་སྡེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པའི་ཨ་ཉ་སེང་སྒྲ་ལགས་ཀྱིས་ཡུལ་དེའི་འབྲོག་པ་དམངས་ཚོགས་ཀྱི་སྣེ་ཁྲིད་དེ། ས་གནས་གཞུང་གི་ལྐོག་ཟ་རུལ་སུངས་དང་ཁོར་ཡུག་གཏོར་བརླག་བྱས་པའི་བྱ་སྤྱོད་ཐེར་འདོན་བྱས་པར་བརྟེན་ཁོང་དང་རོགས་པ་གཞན་མི་བརྒྱད་དང་ལྷན་དུ་གང་བྱུང་འཇུ་བཟུང་བྱས་ཏེ། ཕྱི་ལོ་༢༠༢༡ལོའི་ཟླ་༡༢པའི་ཚེས་ ༦ཉིན་ཁོང་ལ་ལོ་བདུན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་པ་དང་། དེ་ནི་དགའ་སྡེ་རྫོང་གི་སྤྱི་བདེ་ཉེན་རྟོག་པས་བཀག་ཉར་འོག་བཅུག་ནས་ལོ་གསུམ་གྱི་རྗེས་སུ་གཞི་ནས་བཙོན་འཇུག་ཁྲིམས་ཆད་བཅད་པ་ཡིན་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎