རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་སུ་འདྲི་རྩད་རྗེས་རང་ཁྱིམ་དུ་བཏང་འདུག
ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གནས་ཚུལ་ཁ་སྣོན་བྱས།
ཕྱི་ཚེས་ ༢༢་ཉིན་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་འདིའི་ཚེས་ ༡༨ ཉིན་ཁྱུང་མཆུ་རྫོང་འབྲེལ་ཡོད་མི་སྣས། རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས། ས་གནས་སྲིད་གཞུང་དུ་སྡེ་བའི་མི་སྣ་ཆེ་གྲས་ཁག་དང་ལྷན་འབོད་འགུག་གིས། མཚོ་སྔོན་ཚེ་རིང་ལགས་ཀྱི་ཞུ་སྐུལ་དང་འབྲེལ་བའི་བསམ་ཚུལ་ལ་ཉན་ཞིབ་རྗེས། མཚོ་སྔོན་ཚེ་རིང་ལགས་འཛིན་བཟུང་དང་ངན་བྱུས་རིགས་གང་ཡང་མེད་པར་ཕྱིར་རང་ཁྱིམ་དུ་བཏང་ཡོད་པ་དང་། སྡེ་བའི་མི་མང་ནས་ཐེངས་འདིར་སྲིད་གཞུང་གིས་མཚོ་སྔོན་ཚེ་རིང་ལགས་སུ་ངན་བྱུས་རིགས་ཀྱི་ལས་ཀ་གང་ཡང་མ་བྱས་པར། བསམ་ཚུལ་ལ་ཉན་ཞིབ་རྗེས་རང་ཁྱིམ་དུ་བཏང་བར་དགའ་ཚོར་དང་། ལས་དོན་ལམ་ལྷུང་ཡག་པོ་ཡོང་རྒྱུར་རེ་བ་ཆེན་པོ་རྒྱག་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་མི་སྣས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་མི་སྣ་དེས་མུ་མཐུད་བརྗོད་དོན་ལ། མཚོ་སྔོན་ཚེ་རིང་ལགས་ནས་དེ་སྔ་རྒྱ་ནག་དབུས་གཞུང་ལ་ཞུ་སྐུལ་གྱི་ཡི་གེ་ཐེངས་འགར་བཏང་ཡོད་སྟབས། ས་གནས་སྲིད་གཞུང་ནས་དམིགས་བསལ་ཁོ་ལ་བྱེད་རྒྱུ་གང་ཡང་ལྷག་མེད་པ་དང་། མ་འོངས་པར་མུ་མཐུད་རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་ཐག་གཅོད་ཅིག་ཡོང་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་། ལས་གཞི་དེ་ཁྱུང་མཆུ་རྫོང་སྲིད་གཞུང་གི་ལས་འཆར་ཞིག་དང་འབྲེལ། རྒྱ་ནག་གི་(Anhui Xianhe)་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ལ་ཆོག་མཆན་ཐོབ་པ་ཞིག་ཡིན་སྟབས། མ་འོངས་པར་ཁོང་གི་བདེ་འཇགས་གནད་དོན་སོགས་ཀྱི་ཐད་ཉེན་ཁ་ཡོང་མིན་ཐད་བཤད་ཚོད་མི་ཐུབ་པ་ཞིག་ཆགས་ཡོད་པ་ལས། ད་ལྟའི་ཆར་དམིགས་བསལ་དཀའ་ཁག་གང་ཡང་མེད་པར། སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཞུ་སྐུལ་དེར་ཡ་ལན་ཡག་པོ་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་ནང་གི་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པའི་བོད་མི་ན་གཞོན་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་ལགས་ཀྱིས། ཉེ་ལམ་སྤྱི་ཚེས་༡༥་ཉིན་ཁོང་གི་མིང་ཐོག་ཐོ་འགོད་བྱས་པའི་སྐད་འཕྲིན་དྲྭ་ལམ་བརྒྱུད་ཡུལ་དེའི་རྡང་ཆུ་གཙང་པོའི་བཞུར་རྒྱུན་དུ་རྒྱ་ནག་གི་(Anhui Xianhe)་འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་ཟེར་བ་ཞིག་གིས་བྱེ་མ་སྔོག་འདོན་བྱེད་བཞིན་པ་དེས་ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པ་ཞུ་སྐུལ་གནང་རྗེས། ཁོང་གི་སྐད་འཕྲིན་ཐོག་བཞག་པའི་ཞུ་སྐུལ་བྱས་པའི་བརྙན་ཐུང་དེ་བལྟ་མཁན་ཁྲི་ཚོ་མང་པོ་བྱུང་བ་དང་། དོ་སྣང་གིས་མཆན་འབྲི་མཁན་སོགས་ཧ་ཅང་མང་པོ་བྱུང་སྟབས། ཉིན་གཅིག་གི་རྗེས་སུ་ནག་བསུབ་གཏོང་བཅུག་འདུག་པ་དང་། སྤྱི་ཚེས་༡༧་ཉིན་འབྲེལ་ཡོད་གཞུང་འབྲེལ་ཉེན་རྟོག་མི་སྣ་དང་ལས་བྱེད་ཁག་ཅིག་སླེབས་ནས་ཁོང་གི་སྡོད་གནས་ཚ་རུ་མ་ཡུལ་ཚོ་ནས་ཁོང་དང་ཁོང་གཙོས་པའི་གནད་དོན་དེའི་སྐོར་ཞུ་གཏུགས་བྱེད་མཁན་བོད་མི་ཁག་ཅིག་ཤང་དང་། དེ་ནས་རྫོང་རིམ་པ་བཅས་སུ་དེའི་ཐད་རྩད་གཅོད་བྱེད་དགོས་པ་བརྗོད་ནས་ཁྲིད་ཡོད་པའི་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་གྱིས་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ད་རེས་མཚོ་སྔོན་ཚེ་རིང་ལགས་ཀྱིས་ཁོར་ཡུག་གི་གནད་དོན་དེ་དྲྭ་ལམ་བརྒྱུད་རྒྱ་ཁྱབ་དུ་བཏང་ཡོད་པས། དེའི་ཐད་ཕྱོགས་གང་ས་ནས་དོ་སྣང་ཤུགས་ཆེན་བྱུང་བ་དང་བསྟུན། ས་གནས་སྲིད་གཞུང་གིས་དེའི་ཐད་རྩད་གཅོད་མཐིལ་ཕྱིན་པ་གནང་ནས་ཐག་གཅོད་ཡག་པོ་གནང་རྒྱུར་ས་གནས་མི་དམངས་ནས་རེ་སྒུག་བྱེད་བཞིན་པའི་གནས་སྟངས་རེད་ཅེས་གོང་ཞུས་བོད་མི་ཚོས་མུ་མཐུད་གསུངས་བྱུང་།
སྤྱིར་མཚོ་སྔོན་ཚེ་རིང་ལགས་ཀྱིས་འདས་པའི་ལོ་གཉིས་ཀྱི་རིང་། གོང་ཞུས་གནད་དོན་དེའི་ཐད་ས་གནས་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་གཏུག་དང་རྒྱ་ནག་གི་འཛུགས་སྐྲུན་ཁང་དེ་ལ་ངོ་རྒོལ་སོགས་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པས་ཡ་ལན་བྱེད་མཁན་བྱུང་མེད་པ་དང་། སྐབས་གཅིག་ལའང་རྒྱ་མིའི་འཛུགས་སྐྲུན་ཁང་གི་ལས་མི་ཁག་ནས་ཁོང་ལ་གཅར་རྡུང་བཏང་བ་སོགས་ཀྱི་དཀའ་སྡུག་མྱངས་ཡོད་པས་ད་རེས་ཁོང་གིས་དྲྭ་ཐོག་ཏུ་ཐོབ་ཐང་ལག་འཁྱེར་བསྟན་ནས་གནས་ཚུལ་དེ་ཐེར་འདོན་ཐུབ་པའི་ཁུངས་ལྡན་བརྙན་ཐུང་དེ་སྟོན་དོན་དེ་ནི་ཨ་ཆད་ཨུ་ཐུག་པ་རེད་ཅེས་གོང་ཞུས་བོད་མི་ཚོས་མུ་མཐུད་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། ཆོས་སྐྱིད། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ། བདེ་སྐྱིད་ཀུན་སྒྲོལ།