ལོ་གསར་ཉིན་ལྷ་སར་བོད་མི་ཁྲི་ཕྲག་མང་པོས་ཆོས་མཇལ་ཞུས།

བོད་ནང་གནམ་ལོ་གསར་དུ་བཞད་པའི་ལོ་གསར་ཚེས་གཅིག་ཉིན་ཆོས་ཕྱོགས་ཐོག་ནས་ལོ་གསར་ལ་བསུ་བ་ཞུ་བའི་རྣམ་པ་ཞིག་ཐོན་ཡོད་པ།

2010.02.15

༄༅༎བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་དོན་ལྟར་ན་ ད་ལོ་བོད་ནང་ལྕགས་སྟག་གནམ་ལོ་གསར་དུ་བཞད་པའི་ལོ་གསར་ཚེས་གཅིག་ཉིན་ཆོས་ཕྱོགས་ཐོག་ནས་ལོ་གསར་ལ་བསུ་བ་ཞུ་བའི་རྣམ་པ་ཞིག་ཐོན་ཡོད་པ་དང་ ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཆོས་མཇལ་དུ་ཕེབས་མཁན་བོད་མི་ཧ་ཅང་མང་པོ་ཡོད་པ་མ་ཟད་ ལྷ་སའི་གཙུག་ལག་ཁང་ལ་ཆོས་མཇལ་ཞུ་མཁན་ཁྲི་ཚོ་བརྒལ་བའི་གནས་ཚུལ་གསུངས་འདུག

བོད་ཀྱི་ས་ཁུལ་ཁག་ཅིག་ནང་བོད་མི་ཚོས་ད་ལོ་ཡང་ན་ནིང་གི་མཇུག་མཐུད་ནས་ལོ་གསར་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་བཞིན་ བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕགས་སྟག་ལོའི་ལོ་གསར་ཉིན་དགའ་དགའ་སྐྱིད་སྐྱིད་བྱེད་མི་དགོས་པའི་སྐོར་བོད་མི་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་ཡོད་ཅིང་ ཁ་ས་ལོ་གསར་ཚེས་གཅིག་གི་སྔ་འདྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེགས་ཆེན་ཆོས་གླིངགཙུག་ལག་ཁང་དུ་བོད་མི་གཙོས་པའི་ཕྱི་ནང་མི་མང་ལ་བཀའ་སློབ་སྩལ་བའི་ནང་ལ་ཡང་ ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་སུམ་ཅུའི་དུས་དྲན་ཉིན་ནས་བཟུང་ བོད་ནང་བོད་མིའི་ཞི་རྒོལ་ཆེན་མོའི་ནང་བོད་མི་མང་པོ་རྐྱེན་ལམ་དུ་ཕྱིན་པ་དང་གར་སོང་ཆ་མེད་དུ་གྱུར་བ་ རྒྱ་མིའི་འཛིན་བཟུང་དོ་དམ་དང་  བཙོན་འཇུག་འོག་སྡུག་བསྔལ་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་ས་གླང་གནམ་ལོ་གསར་པར་སྲུང་བརྩི་ཞུས་མེད་སྟབས་གཞུང་འབྲེལ་གྱི་སྒོ་ནས་ལོ་གསར་སྲུང་བརྩི་མ་ཞུས་པ་ད་ལོ་ལོ་གཉིས་པ་དེ་ཡིན་པ་བཀའ་བསྩལ་གནང་མཛད་ཡོད་པ་རེད་ བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་མུ་མཐུད་གསུང་དོན་ལ་ བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ས་གནས་འཐབ་ཕྱོགས་གཅིག་འགྱུར་ལས་ཁང་གིས་ལས་བྱེད་ཆེད་གཏོང་བྱས་ནས་བོད་མི་ཚོས་ལོ་གསར་ལ་སྲུང་བརྩི་བྱེད་ཀྱི་ཡོད་མེད་དཔར་དང་བརྙན་འཕྲིན་རྒྱབ་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་འདུག དེ་དང་འབྲེལ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱི་དབྱིན་ཡིག་ཐོག་ནས་ཕྱི་ཚེས་༡༤ཉིན་གནས་ཚུལ་སྤེལ་བའི་ནང་ལ་ཡང་བོད་ནང་བོད་མི་སྟོང་ཕྲག་མང་པོས་བོད་ལྕགས་སྟག་ལོའི་ལོ་གསར་ཉིན་ཟབ་ཆོར་རྒྱས་པོ་སྤྲད་ནས་སྲོལ་རྒྱུན་གྱི་རྣམ་པ་བཞིན་དགོན་སྡེ་ཁག་ལ་ཆོས་མཇལ་སོགས་ལ་ཕེབས་པའི་ཐོག་ནས་ལོ་གསར་ལ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་ལུགས་གནས་ཚུལ་སྤེལ་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎