བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཡར་རྒྱས་བསྐྱར་ཞིབ་བྱེད་སྲིད་པ་རྒྱ་གར་ཁྲིམས་ཀྱི་བློན་ཆེན་མཆོག་གིས་གསུང་འདུག
སྤྱི་ཟླ་༢པའི་ཚེས་༢༣བོད་ཀྱི་ལོ་གསར་གྱི་ཚེས་༣ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་བསམ་ཡས་གླིང་བོད་མིའི་གཞིས་སྒར་དུ། ས་གནས་འགོ་འཛིན་ལས་ཁུངས་དང་གཞིས་སྒར་དེའི་རྒྱ་འཐུས་ལས་ཁུངས། དེ་བཞིན་ལྡི་ལི་དོན་ཁང་བཅས་ཀྱིས་ཐུན་མོང་གི་གོ་སྒྲིག་འོག བོད་ཀྱི་ལོ་གསར་སྲུང་བརྩིའི་མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གིས་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་(Kiren Rijiju)་ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས། ལོ་གསར་སྲུང་བརྩི་ཞུས་འདུག་ཅིང་། སྐབས་དེར་སྐུ་ཞབས་(Kiren Rijiju)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཞི་བདེའི་ཕོ་ཉ་ལྟ་བུ་ཡིན་པ་གསུངས་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུས་འདུག་ཅིང་། རྒྱ་གར་གཞུང་ཕྱོགས་ནས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཡར་རྒྱས་བསྐྱར་ཞིབ་བྱེད་སྲིད་པ་མ་ཟད། ད་དུང་སྲིད་བྱུས་དེ་བོད་མི་གནས་སྡོད་བྱེད་ཡུལ་སྤྱི་ཡོངས་ལ་རྒྱ་བསྐྱེད་དུ་གཏོང་དགོས་པ་འདུག་ཅེས་དང་། བོད་པའི་ཡ་རབས་བཟང་སྤྱོད་ཀྱི་གཤིས་རྒྱུད་དང་འབྲེལ་བའི་སྐོར་གསུང་བཤད་གནང་བའི་ནང་། རྒྱ་གར་ནང་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་ཚོས་སྤྱི་ཚོགས་ལ་གནོད་པའི་དཀའ་ངལ་ཤུགས་ཆེན་རིགས་ནམ་ཡང་བཟོས་མེད་པ་དང་། བོད་མི་རྣམས་ནི་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་ཀྱང་ཡིན་པ་གསུངས་ནས། རྒྱ་གར་ནང་བཙན་བྱོལ་བོད་མི་ཚོ་གནས་སྡོད་ཆོག་པའི་ལག་འཁྱེར་(RC)དང་འབྲེལ་བའི་དཀའ་ངལ་གང་འཕྲད་པའི་རྣམས་སེལ་ཐབས་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་འདུག
དེའི་ཐད་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བའི་ནང་། ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་(Kiren Rijiju)་ལགས་ཀྱིས་༢༠༡༤ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྱོད་ཀྱི་སྲིད་བྱུས་དེ་བཞིན་ཐོག་མ་ལག་བསྟར་ཡོང་བར་རྒྱབ་སྐྱོར་དང་སྐུ་ལས་སྐྱོན་མཁན་གྲས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ད་རེས་བོད་ཀྱི་ལོ་གསར་གྱི་མཛད་སྒོའི་ཐོག་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། ལྡི་ལིའི་དོན་གཅོད། ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་བཙུགས་གནང་མཁན་གྲས་སྐུ་ཞབས་(Indresh Kumar)་ ལགས། རྒྱ་གར་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་ལྕམ་རིན་ཆེན་ལྷ་མོ་ལགས། དེ་བཞིན་ནེཧི་རུ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་(Srikanth Kondapalli)་སོགས་ལྷན་བཞུགས་གནང་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།