ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་སོགས་ཀྱིས་བོད་ཀྱི་ལོ་གསར་ཆེད་འཚམས་འདྲི་གནང་འདུག

2024.02.13
ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་སོགས་ཀྱིས་བོད་ཀྱི་ལོ་གསར་ཆེད་འཚམས་འདྲི་གནང་འདུག ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Anthony Blinken)་ལགས་ཀྱིས་ལོ་གསར་འཚམས་འདྲི་གནང་བ། ༠༢།༢༠༢༤
སྒྲིག་བཟོ། ཀླུ་འབུམ། /RFA

འདི་ཟླའི་ཚེས་༡༠ཉིན་ནི་བོད་རྒྱལ་ལོ་༢༡༥༡་ཤིང་འབྲུག་བོད་ཀྱི་ལོ་གསར་ཡིན་པ་དང་། བོད་གཙོས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་བའི་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་རིགས་ཚོས་ལོ་གསར་ཞུས་པ་དང་བསྟུན། འདི་ཚེས་༩ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Anthony Blinken)་ལགས་ཀྱིས་ལོ་གསར་འཚམས་འདྲི་གནང་བའི་ནང་། དུས་སྐབས་འདི་ནི་གོ་ལའི་ཁྱོན་དུ་གནས་པའི་བོད་མི་ཚོས་དཀའ་ངལ་ལ་གདོང་ལེན་བྱས་པའི་ནུས་སྟོབས་ལ་རྗེས་དྲན་བྱེད་པའི་དུས་ཚོད་ཞིག་ཡིན་པ་གསུངས་པ་དང་། ཨ་རིའི་ནང་གི་བོད་མི་ཨ་རི་བ་ཚོས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་གཅེས་འཛིན་བྱེད་བཞིན་པར་བསྔགས་བརྗོད་གནང་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཤིང་འབྲུག་ལོ་འདིའི་ནང་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཐོབ་ནས། རྒྱ་ནག་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་འོག་ནང་མི་ཁ་བྲལ་སོང་བ་དང་། སྨྲ་བརྗོད་དང་ཆོས་དད་ཀྱི་རང་དབང་མ་ཐོབ་པ་རྣམས་ལ་རང་དབང་གི་སྒོ་ནས་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཐོབ་པའི་སྨོན་འདུན་ཞུ་བཞིན་ཡོད་པ་ཨ་རིའི་གྲོས་ཚོགས་ཀྱི་ལྷན་ཚོགས་དེའི་(X)་དྲ་ཐོག་ཏུ་གནས་ཚུལ་སྤེལ་འདུག
ཡང་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Arif Virani)་ལགས་ཀྱིས་བོད་ཀྱི་ལོ་གསར་སྐབས་བོད་མི་ཡོངས་དང་ད་ལོའི་བོད་ཀྱི་ལོ་གསར་ཉིན་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་ལོ་གསར་དང་། ཝེཏ་ནམ་གྱི་ལོ་གསར་སོགས་མང་པོ་ཞིག་མཉམ་དུ་འཁེལ་གྱི་ཡོད་སྟབས་ཚང་མར་འཚམས་འདྲི་གནང་བ་དང་མཉམ། ཁེ་ན་ཌར་ཡོད་པའི་བོད་མི་དང་རྒྱ་རིགས། ཝེཏ་ནམ། ཀོ་རི་ཡ་བཅས་ཀྱི་བཟོད་བསྲན་གྱི་སྙིང་སྟོབས་དང་སྤྱི་ཚོགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཁག་གི་ཐོག་བསམ་ཞིབ་ཞུ་དགོས་པའི་གོ་སྐབས་ཤིག་ཀྱང་ཡིན། ཨེ་ཤེ་ཡའི་མི་རིགས་རྣམས་ཀྱིས་ཁེ་ཎ་ཌའི་ནང་རྒྱལ་ཁབ་དང་མི་རིགས་འདྲ་མིན་སྣ་ཚོགས་དང་མཉམ་དུ་སོ་སོའི་རིན་ཐང་བྲལ་བའི་རིག་གཞུང་ཁག་ལེགས་སྐྱེས་ཕུལ་དང་འབུལ་མུས་ལ་བསྔགས་བརྗོད་གནང་འདུག

དེ་བཞིན་རྒྱ་གར་དུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Eric Garcetti)་ཡིས་ཁོང་གི་(X)་དྲ་ཐོག་ཏུ། ལོ་སར་སྐབས་འདིར་ཁོང་རྒྱ་གར་གྱི་མངའ་སྡེ་(Uttarakhand)་ནང་འཚམས་གཟིགས་གནང་བའི་སྐབས་འཁེལ་བར་དགའ་ཚོར་ཆེན་པོ་བྱུང་ཞེས་བྲིས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་པར་ལྟར་ན། འདས་པའི་ལོ་འགའ་ཤས་རིང་གནང་པ་ལྟར། འདི་ལོའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་ཀྱི་ལོ་གསར་དེ་བཞིན་ཕྱི་ཟླ་ ༢ཚེས་༡༣གཟའ་མིག་དམར་གྱི་ཕྱི་དྲོ་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་སྐུ་ཚབ་ལྕམ་ཨཛ་ར་ཛི་ཡ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་སོགས་དབུ་བཞུགས་ཀྱིས་གནང་རྒྱུ་ཡིན་འདུག

* ཤིང་འབྲུག་བོད་ཀྱི་ལོ་གསར་དང་འབྲེལ་བའི་གནས་ཚུལ་ཁག་འདིར་གནན་ན་གཟིགས་ཐུབ།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎