སྒྲོལ་མ་(Aunty)་མོག་མོག་ཚོང་རྟགས་དེ་ཁྲིམས་གཏུག་བྱས་བ་བརྒྱུད་སྒྲོལ་མ་ཚེ་རིང་ལགས་སུ་རྒྱལ་ཁ་ཐོབ་འདུག
སྒྲོལ་མ་(Aunty)་མོག་མོག་ཞེས་པའི་མོག་མོག་ཟ་ཁང་ཞིག་ཕྱི་ལོ་༡༩༩༤ལོར་བོད་པའི་བུད་མེད་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བཙུགས་ཡོད་པ་དང་། རིམ་པས་ཁོང་གི་ཟ་ཁང་གི་ཚོང་ཚགས་ཚུད་ཡག་པོ་བྱུང་བའི་བརྒྱུད་རིམ་ཁྲོད། རྒྱལ་ས་ལྡི་ལི་ནང་གི་ས་ཕྱོགས་འདྲ་མིན་དུ་སྒྲོལ་མ་(Aunty)་མོག་མོག་གི་མིང་འོག་མི་གཞན་ཚོས་ཟ་ཁང་གསར་པ་མང་པོ་སྒོ་ཕྱེ་འདུག ཡིན་ན་ཡང་ཚོང་སྡེ་སོ་སོས་རང་གི་ཚོང་རྟགས་ཉར་ཕྱིར་ཁྲིམས་ཐོག་དེབ་སྐྱེལ་བྱེད་སྲོལ་ཡོད་པར་སྒྲོལ་མ་ཚེ་རིང་ལགས་ཀྱིས་མིང་དེ་དེབ་སྐྱེལ་མ་བྱས་གོང་ནས་རྒྱ་གར་གྱི་(Uttar Pradesh)་མངའ་སྡེ་ནས་ཡིན་པའི་(Mohd Akram Khan)་ཞེས་པ་ཞིག་གིས་དེབ་སྐྱེལ་བྱས་ཡོད་པ་རེད། དེར་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་ཡོད་པ་དེར་ཕྱི་ཟླ་༣་ཚེས་༦ཉིན་སྒྲོལ་མ་ཚེ་རིང་ལགས་སྔ་མོ་ནས་ཟ་ཁང་དེའི་སྦྱིན་བདག་ཡིན་པ་ཁྲིམས་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱུང་བ་དང་། (Mohd Akram Khan)་ཞུ་བ་ཁྲིམས་ཁང་ལ་ཕེབས་མ་ཐུབ་པར་སྒྲོལ་མ་ཚེ་རིང་ལགས་ལ་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་ཡོད་པ་དང་། སྒྲོལ་མ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་གར་གྱི་ཁྲིམས་ཁང་གོང་མས་སྒྲོལ་མ་ཚེ་རིང་ལགས་སུ་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་པའི་བཅད་ཁྲ་བཏང་བ་དང་། ཁྲིམས་དཔོན་(Dayal)་ལགས་ཀྱིས་སྒྲོལ་མ་ཚེ་རིང་ལགས་ཀྱི་ཟ་ཁང་གི་ཟ་མར་མང་ཚོགས་ཁྲོད་སྙན་གྲགས་ཐོབ་ཡོད་པ་ཡང་གསུངས་འདུག་ལ། ཁྲིམས་གཏུག་དེ་༢༠༡༩ལོར་བྱས་ཡོད་ཀྱང་རྗེས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བར་བརྟེན་ད་བར་དུ་ཐག་གཅོད་བྱེད་རྒྱུ་ལྷག་ཡོད་འདུག
སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Lajpat Nagar)་ས་གནས་སུ་ཐོག་མར་སྤྱི་ལོ་༡༩༩༤ལོར་སྒྲོལ་མ་(Aunty)་མོག་མོག་ཞེས་ཟ་ཁང་འཛུགས་པ་ནི། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་པའི་ཟས་རིགས་བཙོང་མཁན་གྱི་ཟ་ཁང་ཐོག་མའི་གྲས་ཡིན་པ་དང་། ཁོང་གི་ཟ་ཁང་ཚགས་ཚུད་ཡག་པོ་བྱུང་བར་རིམ་པས་ཁོང་ལ་ཚོང་ལས་ཀྱི་བྱ་དགའ་ཡང་མང་པོ་ཐོབ་ཡོད་པ་རེད་འདུག
རྒྱ་གར་གྱི་༡༩༩༩ལོའི་ཚོང་རྟགས་བཅའ་ཁྲིམས་(Trademark ACT)་ནང་རྒྱ་གར་ནང་ཚོང་ལས་རིགས་སུ་ཞིག་སོ་སོའི་ཚོང་རྟགས་ཁྲིམས་ཐོག་དེབ་སྐྱེལ་བྱས་རྗེས་ཚོང་རྟགས་དེ་ཚོང་ལས་བྱེད་མཁན་གཞན་སུ་གཅིག་གིས་ཀྱང་བེད་སྤྱོད་དེབ་སྐྱེལ་བྱེད་ཆོག་གི་མེད་པ་རེད་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།