བལ་ཡུལ་དུ་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་ལས་བྱེད་མཉམ་ཞུགས་ཀྱིས་བོད་ཀྱི་ལོ་སར་སྲུང་བརྩི་གནང་འདུག

བལ་ཡུལ་དུ་འདི་ཚེས་༡༢ཉིན་ཤིང་ཕོ་འབྲུག་ལོའི་བོད་ཀྱི་གསར་ཚེས་༣་གྱི་གཞུང་འབྲེལ་མཛད་སྒོ་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གིས་འཇོ་ལ་ཁེལ་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ལོ་གསར་དུས་སྟོན་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་བལ་ཡུལ་ནང་བཅའ་སྡོད་ཨོསི་ཊརེ་ལི་ཡ་(Australia)་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་དང་། ཨ་རིའི་གཞུང་ཚབ་གཞོན་པ་གཙོས་གཞུང་ཚབ་ཁག་ཅིག་གི་སྐུ་ཚབ་དང་སྡེ་ཚན་ཁག་གི་ལས་བྱེད་པ་སོགས་གདན་ཞུ་ལྟར་ཆེད་ཕེབས་ཀྱིས་བོད་མི་ཚོ་དང་མཉམ་དུ་ཤིང་འབྲུག་བོད་ཀྱི་ལོ་སར་སྲུང་བརྩི་གནང་འདུག
བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(Huron)་ཞེས་བའི་འབྲེལ་ཡོད་ལས་བྱེད་བཟང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་ཀྱི་ལོ་སར་དགའ་སྟོན་མཛད་སྒོ་དེ་ན་ནིང་དང་ད་ལོ་གཉིས་ལ་བལ་ཡུལ་གཞུང་གིས་བཀག་འགོག་མེད་པར་སྲུང་བརྩི་གནང་ཐུབ་ཡོད་པ་རེད། ཡིན་ན་ཡང་སྔོན་མ་བཞིན་གཞི་རྒྱ་ཆེན་པོ་དེ་འདྲ་བྱེད་ཐུབ་ཀྱི་མེད་པར་བལ་ཡུལ་གྱི་ཉེན་རྟོག་པས་ལྟ་སྲུང་བྱེད་ཀྱི་ཡོད། བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཆབ་སྲིད་ཀྱི་ལས་འགུལ་རིགས་སྤེལ་རྒྱུ་ལོ་ཤས་སྔོན་ནས་བལ་ཡུལ་གཞུང་གིས་ཆོག་མཆན་མི་སྤྲོད་པ་དང་བཀག་འགོག་བྱས་ཟིན་པ་རེད་ཟེར།
ད་ཐེངས་ཀྱི་མཛད་སྒོའི་ཐོག་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། ༧ཤྲཱི་ཆུ་བཟང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། བལ་ཡུལ་དོན་གཅོད་ལས་ཁང་གི་དྲུང་ཆེ་སོགས་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་ཁག དེ་བཞིན་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ། གཞན་ཡང་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམས་དང་། སེར་སྐྱ་མི་མང་འདུ་འཛོམས་ཐོག་ཆོས་ཕྱོགས་བྱེད་སྒོ་དང་། དགའ་སྟོན་འཁྲབ་གཞས་ཀྱི་མཛད་སྒོ་སོགས་འགྲུབ་རྗེས། བལ་ཡུལ་མཆོད་རྟེན་ཉེ་འགྲམ་གྱི་སྲོང་བཙན་བལ་བཟའ་གཏན་ཉིན་མཐོ་སློབ་ཏུ་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་མོའི་འཁྲབ་གཞུང་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་འཁྲབ་སྟོན་སོགས་བྱས་ནས་ལོ་སར་སྲུང་བརྩི་བྱས་ཡོད་པ་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག
* ཤིང་འབྲུག་བོད་ཀྱི་ལོ་གསར་དང་འབྲེལ་བའི་གནས་ཚུལ་གཞན་ཁག་འདིར་གནན་ན་གཟིགས་ཐུབ།
གསར་འགོད་པ། ཀེ་ཐོ། ཀླུ་འབུམ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།