ལྷ་སར་མཆོད་མཇལ་བྱེད་ཡུལ་ཁག་དུ་མཆོད་མཇལ་བར་ལྟ་བཤེར་དང་ཐོ་འགོད་དགོས་པའི་དམ་དྲག་བྱེད་བཞིན་ཡོད་འདུག

2023.02.24
ལྷ་སར་མཆོད་མཇལ་བྱེད་ཡུལ་ཁག་དུ་མཆོད་མཇལ་བར་ལྟ་བཤེར་དང་ཐོ་འགོད་དགོས་པའི་དམ་དྲག་བྱེད་བཞིན་ཡོད་འདུག ལྷ་སར་ལོ་སར་གྱི་དགུ་གཏོར་གླུད་གཡུག་སྐབས། ༠༢།༡༩།༢༠༢༣
བོད་འབྱོར།/RFA

དེ་ཡང་རྒྱ་ནག་གཞུང་གིས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། བོད་ཀྱི་ལོ་སར་ཚེས་༢སྟེ་ཕྱི་ཚེས་༢༢ཉིན་མཆོད་མཇལ་བ་ཚོ་ཕོ་བྲང་པོ་ཏཱ་ལར་གཏོང་གི་མེད་པར་སྒོ་བརྒྱབ་ཡོད་པ་དང་། བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གསུང་ན། ད་སྐབས་ཕོ་བྲང་པོ་ཏཱ་ལར་མཆོད་མཇལ་དང་ལྟ་སྐོར་བྱེད་པར་ནམ་རྒྱུན་ལྟར་མ་ཡིན་པར་དུས་ཡུན་ཆུ་ཚོད་གཅིག་ལས་མེད་པ་བཟོས་ཡོད་པ་དང་། དེ་བཞིན་མཆོད་མཇལ་ལམ་ཁ་ཁག་ཏུ་ལྟ་བཤེར་ཤུགས་ཆེར་ཡོད་པ་མ་ཟད། ནང་མི་ཚང་མས་མཆོད་མཇལ་བྱེད་པར་ཐོ་འགོད་དང་ཕྲུ་གུ་ཆུང་ཆུང་རིགས་ཐོབ་ཐང་དཔང་ཡིག་མེད་མཁན་ཚོས། ནང་མིའི་ཁྱིམ་ཐོ་བརྒྱུད་ཐོ་འགོད་དགོས་པ་དང་། ལོ་སར་ཚེས་༢་ཉིན་ཕོ་བྲང་པོ་ལ་གཙོས་མཆོད་མཇལ་བྱེད་ཡུལ་ཁག་སྒོ་བརྒྱབ་སྟེ་མཆོད་མཇལ་བྱེད་བཅུག་གི་མེད་པ་བརྗོད་བྱུང་།
ཡང་བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་དང་ལྷུན་རྩེ་རྫོང་། མལ་གྲོ་གོང་དཀར་སོགས་སུ་རྒྱ་ནག་ཉེན་རྟོག་པས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས། ཁྱིམ་ཚང་ཁག་གི་ནང་དུ་འཛུལ་ནས་ལོ་སར་ཚེས་གཅིག་ནས་བཟུང་། ཉིན་ལྟར་ལྟ་རྟོག་དང་སྔོག་བཤེར་ཤུགས་ཆེར་བྱས་ཡོད་པ་དང་། ཉེན་རྟོག་པ་རེས་མོས་བྱས་ཏེ་བོད་མི་འདུས་སྡོད་ཀྱི་སྡེ་ཁུལ་ཁག་ཏུ་ལྟ་སྲུང་དང་། མེ་སྐྱོན་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ཞེས་ནམ་རྒྱུན་ལྟར་ལོ་གསར་རིང་བསང་གསོལ་བྱེད་པ་དང་། ཤོག་སྤག་རིགས་མི་མང་འདུ་འཛོམས་ཀྱིས་རྒྱག་བཅུག་མེད་པ་དང་། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པ་དང་ཆབ་སྲིད་རིགས་གླེང་སློང་རིགས་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

police in tibe (2).JPG
ཕྱི་ཚེས་༢༢ཉིན་སྟེ་བོད་ཀྱི་ལོ་སར་ཚེས་༢ཉིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅན་ཀྲུང་ཟེར་བ། སྨན་གླིང་རྫོང་དང་མལ་གྲོ་གོང་དཀར་གྱི་བོད་ཀྱི་ཁྱིམ་ཚང་ཁག་ཏུ་ཕྱིན་ནས་བོད་མི་ཚོས་ལོ་སར་དང་བསྟུན། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་དང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གཅེས་འཛིན་ལྡབ་འགྱུར་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་དགོས་སྐོར་བརྗོད་ཡོད་པ་དང་། ཡང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་གནས་ཚུལ་ནང་། ལོ་སར་རིང་བདེ་འཇགས་བཅོས་སྐྱོང་ལས་འགུལ་སྤེལ་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོ་ཆེད་གྲོང་མིའི་སྡོད་གནས་དང་སྤྱི་པའི་འདུ་གནས་སུ་ཆེད་སྐྱོད་ཀྱིས་རྒྱན་རྩེད་ནང་ཞུགས་མཁན་མི་གྲངས་༡༨འཛིན་བཟུང་གིས་ཐག་གཅོད་བྱས་ཡོད་པ་བཀོད་འདུག
སྤྱིར་རྒྱ་ནག་གཞུང་གིས་བོད་ནང་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་དམ་དྲག་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་དུ་ཕྱི་ཟླ་༣པའི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བར་བརྟེན། རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་མི་མང་འདུ་འཛོམས་དང་། ཡིག་ཆ་རིགས་དཔར་བསྐྲུན་བྱེད་པར་བཀག་འགོག་བྱེད་བཞིན་ཡོད་པ་དང་། དེ་བཞིན་ལམ་ཁ་ཁག་ཏུ་འགྲོ་སྐྱོད་སྐབས་ཁ་པར་སྔོག་བཤེར་དང་ལུས་བཤེར་རིགས་གང་བྱུང་བྱེད་བཞིན་ཡོད་འདུག


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎