རྒྱལ་ས་ལྷ་སའི་ཁུལ་དུ་སློབ་འགོ་ཚུགས་པ་དང་སློབ་ཕྲུག་ཚོར་ཞིབ་བཤེར་དང་དམར་ཤོག་གི་ལྟ་གྲུབ་སློབ་གསོ་སྤྲད་འདུག

2022.03.10
རྒྱལ་ས་ལྷ་སའི་ཁུལ་དུ་སློབ་འགོ་ཚུགས་པ་དང་སློབ་ཕྲུག་ཚོར་ཞིབ་བཤེར་དང་དམར་ཤོག་གི་ལྟ་གྲུབ་སློབ་གསོ་སྤྲད་འདུག ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་གི་སྒོ་ཆེན་མདུན། ༣།༠༩།༢༠༢༢
Chinese State Media

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། ནག་ཆུ་ཁུལ་སོགས་སུ་དགུན་ཁའི་གུང་སེང་རྫོགས་ནས་སློབ་གྲྭ་འགོ་འཛུགས་ཀྱི་ཉིན་མོ་དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་འཁེལ་བ་བཟོས་འདུག་ཅིང་། སློབ་མ་ཚོ་ཕྱི་ཟླ་༣་ཚེས་༩ ཉིན་སློབ་གྲྭར་འབྱོར་ཐོ་འགོད་དགོས་པ་བཟོས་འདུག ཆེད་མངགས་སློབ་གྲྭ་འགོ་འཛུགས་དང་འབྱོར་ཐོ་འགོད་པའི་ཚེས་གྲངས་འདི་དག་གསུམ་བཅུའི་དུས་དྲན་དང་སྟབས་འཁེལ་ནས་བཟོས་པའི་རྒྱུ་མཚན་ནི། སློབ་ཕྲུག་དང་ཁྱིམ་བདག་ཕ་མ་ཚོའི་ཐོག་སྟངས་འཛིན་བྱེད་བདེ་བའི་ཆེད་དུ་ཡིན་པ་བོད་མི་ཁག་ཅིག་གིས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

lhasa school (1).JPG
རྒྱ་ནག་གཞུང་གིས་སྤྱིར་ཕྱི་ཟླ་གསུམ་པ་འདི་བཞིན་བོད་ནང་ཚོར་བ་རྣོ་བའི་ཟླ་བར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་ཕྱི་ཟླ་༣་ཚེས་༡༠་དང་༡༤་སོགས་ནི་ཆེས་ཚོར་བ་རྣོ་བའི་དུས་ཚེས་ལ་ངོས་འཛིན་གྱིས་བོད་མི་ཚོའི་ངོ་རྒོལ་ལ་སོགས་པའི་དོན་རྐྱེན་མི་བྱུང་ཆེད་དམག་མི་དང་ཉེན་རྟོག་པ་འགྲེམ་འཇོགས་བྱེད་ཤུགས་ཆེ་རུ་བཏང་ནས་དམ་དྲག་དང་སྟངས་འཛིན་བྱེད་བཞིན་ཡོད་པ་རེད།
ལྷ་ས་དང་ནག་ཆུ་ཁུལ་དུ་མཚོན་ན། སློབ་གྲྭ་ཁག་གི་ཉེ་ཁོར་ལ་དྲག་ཆས་སྤྲས་པའི་ཉེན་རྟོག་མི་སྣས་ཞིབ་བཤེར་བྱེད་བཞིན་པ་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པའི་བརྙན་པར་ཁག་ནང་མཐོང་རྒྱུ་འདུག

nakchu (1).JPG
གཞན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་དང་བསྟུན། བོད་ཀྱི་ས་མཚམས་སུ་འཁེལ་བའི་རྒྱལ་ཚ་རྫོང་གི་གྲོང་གསེབ་ཁུལ་དུ། བོད་མི་རྒན་གཞོན་ལས་མེད་མང་པོ་ཉིན་གླ་བྱས་ཏེ་ལྷ་ས་གྲོང་ཁྱེར་དང་། སེ་འབྲས་དགའ་གསུམ་སོགས་ལ་ལྟ་རྟོག་དང་གསང་ཉུལ་ཆེད་བཏང་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་ནང་དམག་གི་རླངས་འཁོར་སྐོར་བསྐྱོད་དང་། ས་གནས་མང་པོར་ལམ་ཁ་བཀག་ནས་ཐོབ་ཐང་ལག་འཁྱེར་སོགས་ཞིབ་བཤེར་བྱེད་བཞིན་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་གསུངས་ན། གསང་ཉུལ་ཆེད་ལས་མི་བསྡུ་བཞིན་པ་དེ་ཕྱི་ཟླ་༢་བའི་ཟླ་མཇུག་ཙམ་ནས་འགོ་ཚུགས་ཡོད་པ་དང་། ད་ལྟའི་བར་ཤེས་རྟོགས་བྱུང་བ་ས་གནས་གཅིག་ནས་བོད་མི་རྒན་གཞོན་ཕོ་མོ་༣༠་ཙམ་བསྡུས་ཡོད་པ་ལས། མང་ཆེ་བ་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་བཏང་ཡོད་པ་མ་ཟད། བོད་མི་དེ་དག་ལ་ཉིན་རེར་ཉིན་གླ་སྒོར་༥༠༠རེ་སྤྲོད་བཞིན་ཡོད་པའི་ཐོག་གསང་བའི་གནས་ཚུལ་ག་རེ་རག་པ་ཡིན་ན་དེ་ལ་དཔག་པའི་བྱ་དགའ་སྤྲོད་བཞིན་ཡོད་པ་དང་། མི་སྣ་དེ་དག་གི་ལས་ཀ་གཙོ་བོ་མང་ཚོགས་ཁྲོད་ཆབ་སྲིད་ཀྱི་གླེང་མོལ་ག་རེ་བྱུང་གི་ཡོད་དང་། གཞན་ས་མཚམས་དང་འབྲེལ་བའི་གསང་ཉུལ་ལས་ཀ་ཡོད་མེད་སོགས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

nakchu (2).JPG
རྒྱ་ནག་གཞུང་གིས་ལོ་ལྟར་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས། རེབ་གོང་དང་རྔ་བ། བླ་བྲང་སོགས་སུ་དམ་དྲག་དང་། སྐད་འཕྲིན་ཚོགས་པ་མང་པོ་སྒོ་བརྒྱབ་བཅུག་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎