རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་སྒོ་བརྒྱབ་ནས་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐེར་འདོན་གནང་འདུག

དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ཟླ་ ༢ཚེས་༥ཉིན་གནས་ཚུལ་ཞིག་སྤེལ་བའི་ནང་དུ། ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་ ༧པའི་ནང་། རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་མགོ་ལོག་ར་རྒྱར་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པ་དང་། དེས་བོད་མི་མང་པོ་ཧ་ལས་སུ་བཅུག་ཡོད། སློབ་གྲྭ་དེས་མི་ལོ་༣༠ལྷག་གི་རིང་བོད་ཀྱི་སྐད་ཡིག་དང་། རིག་གནས། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གཞི་སློབ་ཁྲིད་གནང་བའི་ལོ་རྒྱུས་ཡོད་ཅིང་། སློབ་ཕྲུག་ཚོར་རང་གི་སྐད་ཡིག་དང་སྲོལ་རྒྱུན་དེ་བཞིན་དེང་རབས་ཀྱི་ལས་ཞུགས་ལ་མཁོ་བའི་ལག་རྩལ་བཅས་བྱང་ཆུབ་པར་བྱེད་ཐུབ་ཀྱི་ཡོད་ལ། སློབ་གྲྭ་དེ་ནི་ཐོག་མར་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་གཉེར་སྐྱོང་བྱས་ཡོད་ཅེས་བརྗོད་འདུག
ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། སྔ་ལོའི་ཕྱི་ཟླ་ ༡༢ ནང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ཁག་ལུངས་འདྲེན་གྱིས། གོང་ཞུས་རྒྱ་ནག་གཞུང་གིས་སློབ་གྲྭ་སྒོ་རྒྱབ་པའི་ས་ཁུལ་དེ་ནས་ཡིན་པའི་བོད་ནང་ཤུགས་རྐྱེན་ཆེ་བའི་བླ་མ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཁོང་གིས་ཀྱང་དེ་སྔ་ཕྱི་ལོ་ ༢༠༠༧ ནས་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་པ་ལྟར་ལས་རིགས་ལག་རྩལ་སློབ་གྲྭ་ཞིག་གཉེན་བཞིན་ཡོད་པ་དང་། ཁོང་ནི་རྒྱ་ནག་ཉེན་རྟོག་པས་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཚོད་དཔག་བྱེད་བཞིན་པ་དང་། ས་གནས་མི་དམངས་ཀྱིས་ཁོང་གི་བདེ་འཇགས་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྒྱུ་མཆན་ནི་སྔ་ལོའི་ཕྱི་ཟླ་ ༥ ནང་། རྒྱ་ནག་གཞུང་གིས་ས་གནས་དེ་གའི་བླ་ཆེན་དང་སློབ་གསོ་བ་མཁན་པོ་བསྟན་འཛིན་དར་རྒྱས་ལགས་དང་ཁོང་གི་རྗེས་འཇུག་པ་མི་གྲངས་༢༠ཡས་མས་ཤིག་བཀག་ཉར་བྱས་ཡོད་པ་དང་། དེ་དག་ལས་སྡེ་ཁུལ་གྱི་འགོ་འཁྲིད་མགོན་པོ་རྣམ་རྒྱལ་ལགས་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གློད་གྲོལ་ཐོབ་སྟེ་ཉིན་གསུམ་གྱི་རྗེས་སུ་འདས་གྲོངས་སུ་གྱུར་བ་དེ་ནི་བཀག་ཉར་ཁང་དུ་མནར་གཅོད་བཏང་བའི་རྐྱེན་གྱིས་ཡིན་པ་གསལ་པོ་རེད་ཅེས་བཀོད་འདུག
ཕྱི་ལོ་༢༠༢༡ལོ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་སུ་ཉུང་མཐར་ལག་རྩལ་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭ་དེའི་རིགས་ལྔ་ཙམ་སྒོ་བརྒྱབ་ཡོད་པ་ཚང་མར་རྒྱུ་མཚན་ཁ་གསལ་བཤད་མེད་པ་དང་། བོད་ཀྱི་བྱིས་པ་རྣམས་རྒྱ་ནག་གཞུང་གཉེར་བཅའ་སྡོད་སློབ་གྲྭར་བཅུག་པ་དང་། སློབ་གྲྭ་དེ་དག་གི་ནང་བོད་ཀྱི་བྱིས་པ་ཚོར་སློབ་ཆུང་ནས་མཐོ་འབྲིང་བར་རྒྱ་ཡིག་རྐྱང་པས་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། ལམ་ལུགས་དེ་མཐའ་ན་སྔོན་འགྲོ་སློབ་གྲྭའི་ནང་དུ་ཡང་ལག་བསྟར་བྱེད་བཞིན་ཡོད་ལ། བོད་ཀྱི་བྱིས་པ་ཚོར་བོད་ཡིག་སློབ་ཚན་དེ་ཕྱི་རྒྱལ་གྱི་སྐད་ཡིག་ལྟར་དུ་སློབ་ཁྲིད་བྱེད་བཞིན་པ་འདི་ནི་རྒྱ་ནག་གི་རྩ་ཁྲིམས་དང་༼སྤྱི་དམངས་ཀྱི་ཁེ་དབང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་སྤྱི་ཆིངས།༽གཉིས་ཀས་རང་གི་ཕ་སྐད་ཐོག་སློབ་གསོ་ཐོབ་པའི་ཐོབ་ཐང་ཁག་ཐེག་བྱས་ཡོད་པ་དང་རྒྱབ་འགལ་ཆགས་ཡོད་པ་འགྲོ་བ་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་ཁྲོད། བོད་ཀྱི་སྐད་ཡིག་དང་། རིག་གནས་དར་སྤེལ་གཏོང་མཁན་གྱི་སྒེར་གཉེར་ཤེས་ཡོན་ལྟེ་གནས་ཁང་དང་སློབ་གྲྭ་ཁག་དམིགས་འབེན་དུ་བཟུང་ཡོད་པ་ཐེར་འདོན་གནང་འདུག །
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།