ཤྲི་ལང་ཀའི་ཊ་མིལ་གྱེན་ལོག་གི་མི་སྣ་༡༤གསོན་བཟུང་ཐུབ་པ།
2008.10.19
༄༅༎རེས་གཟའ་ཉི་མའི་ཉིན་ཤྲི་ལང་ཀའི་དམག་མིས་འཁྲུག་རྫིངས་ཤུགས་ཆེ་བྱུང་ཡུལ་ཤྲི་ལང་ཀའི་བྱང་ཕྱོགས་ས་ཁུལ་གྱི་ས་འོག་འཇབ་ཁང་ཞིག་ནས་ཊ་མིལ་སྟག་གྱེན་ལོག་གི་མི་སྣ་བཅུ་བཞི་ཙམ་གསོན་བཟུང་ཐུབ་པ་དང་དེ་མིན་གྱེན་ལོག་པ་མང་པོ་ཞིག་དམར་བསད་བཏང་ལུགས་བརྗོད་ཡོད་པ་རེད་
རྒྱ་གར་ལྷོ་ཕྱོགས་སུ་ཊ་མིལ་མི་རིགས་ཁྱོན་ཆེ་ཡོད་སའི་ས་ཁུལ་འགའ་ཤས་ཀྱི་ནང་ཤྲི་ལང་ཀའི་གཞུང་གིས་ཡུལ་འདིའི་ནང་ཡོད་པའི་ཊ་མིལ་མི་རིགས་ཐོག་དམིགས་བསལ་སྡུག་རྩུབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་བརྗོད་སྟེ་ངོ་རྒོལ་གྱི་ལས་འགུལ་ཁག་ཁ་ཤས་བྱུང་ཡོད་པ་དང་ཤྲི་ལང་ཀའི་སྲིད་འཛིན་མ་ཧན་རྡ་ར་ཇ་པཀ་ས་ནས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་ལ་ཤྲི་ལང་ཀའི་དཔུང་དམག་གི་ངོས་ནས་མེ་འཕེན་འཁྲུག་རྫིངས་ཀྱི་ལས་དོན་སྐབས་ཞི་བའི་མི་སེར་ཐོག་སྐྱོན་ཆགས་མི་ཡོང་བ་གཙོ་བཟུང་བྱ་དགོས་པའི་སློབ་སྟོན་གསལ་པོ་ཡོད་པ་འགྲེལ་བརྗོད་གནང་འདུག
གཟའ་འཁོར་སྔོན་མར་རྒྱ་གར་གྱི་སྲིད་བློན་གྱིས་གནས་སྐབས་རིང་ཤྲི་ལང་ཀའི་དཔུང་དམག་ལ་རྒྱལ་ཁ་ཐོབ་ཀྱང་ཤྲི་ལང་ཀའི་ནང་འཁྲུག་འདི་དྲག་པོའི་ཐབས་ལམ་གྱི་ཐོག་ནས་ཞི་འཇམས་ཐབས་མེད་པ་གསུངས་པ་དང་སྦྲགས་ཊ་མིལ་གྱི་གྱེན་ལོག་པ་ཚོས་གྲོས་མོལ་གྱི་བརྒྱུད་ལམ་ཐོག་ནས་ཕན་ཚུན་འགྲིག་འཇགས་ཡོང་ཐབས་བྱ་དགོས་པའི་སློབ་སྟོན་གནང་ཡོད་པ་རེད་
ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཤྲི་ལང་ཀའི་གཞུང་དང་ཡུལ་དེའི་བྱང་ཕྱོགས་དང་ཤར་ཕྱོགས་སུ་གནས་པའི་ཊ་མིལ་མི་རིགས་ཚོའི་དབར་ནང་འཁྲུག་ཤུགས་ཆེ་རྒྱབ་པའི་འོག་ད་བར་མི་གྲངས་ཁྲི་བདུན་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པར་ཡིད་ཆེས་བྱེ་དབཞིན་ཡོད་པ་རེད༎