རྒྱ་གར་གྱིས་ཨ་རིའི་ལག་ནས་མ་གནས་ཨ་སྒོར་ཐེར་འབུམ་གསུམ་གྱི་གོ་མཚོན་ཉོ་རྒྱུ།
2020.02.25
རྒྱ་གར་གཞུང་གིས་ཨ་རི་ནས་ཐད་འཕུར་གནམ་གྲུ་ཐེ་བའི་མ་གནས་ཨ་སྒོར་ཐེར་འབུམ་གསུམ་གྱི་གོ་མཚོན་ཉོ་རྒྱུ་བྱས་ཡོད་པ་ཨ་རིའི་སྲིད་འཛིན་མཆོག་གིས་གསུངས་འདུག
དེ་ཡང་རོའུ་ཀྲར་(reuters)་གསར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༢༥ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨ་རི་དང་རྒྱ་གར་གྱི་དབུ་ཁྲིད་རྣམ་གཉིས་དང་། དེ་བཞིན་གཞུང་འབྲེལ་སྐུ་ཚབ་ཚོའི་བར་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྱི་དཀའ་རྙོག་སེལ་ཕྱོགས་ཐད་ཟུར་མཇལ་གྱི་གྲོས་མོལ་བཀའ་བསྡུར་གནང་ཡོད་པ་རེད། གྲོས་མོལ་མཇལ་འཕྲད་གྲུབ་རྗེས་ཨ་རིའི་སྲིད་འཛིན་མཆོག་གིས། རྒྱ་གར་གཞུང་གིས་ཨ་རིའི་(Lockheed)་བཟོ་ཚོང་ལས་ཁང་ནས་མ་གནས་ཨ་སྒོར་ཐེར་འབུམ་༢་དང་ཕྱེད་ཀ་གནས་བའི་མེ་ཤུགས་འཕུར་མདེལ་འདེགས་རྒྱུའི་ནུས་པ་ལྡན་པའི་(SeaHawk)་རྟགས་ཅན་ཐད་འཕུར་གནམ་དམག་གནམ་གྲུ་༢༤་ཉོ་རྒྱུ་བྱས་ཡོད་པ་མ་ཟད། ད་དུང་(Apache)་ཐད་འཕུར་གནམ་གྲུ་དྲུག་སོགས་མ་གནས་ཨ་སྒོར་ཐེར་འབུམ་གསུམ་གྱི་གོ་མཚོན་ཉོ་རྒྱུ་བྱས་ཡོད་པ་དབུ་ཁྲིད་རྣམ་གཉིས་ཀྱི་གསར་འགོད་ལྷན་ཚོགས་ཐོག་གསུངས་གནང་འདུག
རྒྱ་གར་དང་ཨ་རི་གཉིས་ནས་ཕན་ཚུན་གྱི་ཕྱིར་འདྲེན་དངོས་ཟོག་ལ་སྒོ་ཁྲལ་སྤར་ཆ་བྱས་པའི་རྐྱེན་གྱི་ཚོང་འབྲེལ་གྱི་རྙོག་གླེང་ཡོད་པར་བརྟེན། རྒྱ་གར་ཕྱོགས་ནས་ད་རེས་ཨ་རིའི་སྲིད་འཛིན་མཆོག་གི་འཚམས་གཟིགས་སྐབས་ཚོང་འབྲེལ་གྱི་གྲོས་མཐུན་གཏན་འབེབས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་དབུ་ཁྲིད་རྣམ་གཉིས་ཀྱི་གསར་འགོད་ལྷན་ཚོགས་སར་སྲིད་འཛིན་(Trump)་མཆོག་གིས། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་གྲོས་མོལ་སྐུ་ཚབ་བར་བཀའ་བསྡུར་གང་ལེགས་བྱུང་བཞིན་པའི་ཐོག་ནམ་ཞིག་ཕྱོགས་གཉིས་དབར་གཞི་རྒྱ་ཆེ་ལ་རང་དབང་ལྡན་པའི་ཚོང་འབྲེལ་གྱི་གྲོས་མཐུན་གཏན་འབེབས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་གསུངས་པ་ལས་དངོས་སུ་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་ཐུབ་མེད་པ་རེད།
གཞན་ཡང་ཨ་རིའི་སྲིད་འཛིན་མཆོག་གིས། རྒྱ་གར་གྱི་སྲིད་བློན་ལྷན་གྲོས་མོལ་མཇལ་འཕྲད་སྐབས་རྒྱ་གར་གཞུང་གིས་(5G)་ཞེས་པའི་ཚད་མཐོའི་དྲ་ལམ་འཕྲུལ་རིག་ཡོ་ཆས་ཀྱི་གན་རྒྱ་འཇོག་སྐབས་ཡོ་ཆས་ཀྱི་བདེ་འཇགས་ལ་ཡིད་གཟབ་གནང་གལ་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་འདུག གནས་ཚུལ་ནང་གསལ་བར། རྒྱ་ནག་གི་(Huawei)་འཕྲུལ་རིག་བཟོ་ཚོང་ལས་ཁང་ནས་རྒྱལ་སྤྱིའི་ཐོག་(5G)་ཚད་མཐོའི་དྲ་ལམ་ཡོ་ཆས་ཚོང་བསྒྱུར་བྱེད་བཞིན་ཡོད་པ་དང་། ཧཱ་ཝེ་(Huawei)་འཕྲུལ་རིག་བཟོ་ཚོང་ཁང་གིས་འཕྲུལ་ལས་བརྒྱུད་གསང་གནས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་ཨ་རིས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད།
ཨ་རིའི་སྲིད་འཛིན་(Donald Trump)་ གཏན་ཞལ་རྣམ་གཉིས་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། འདི་ཚེས་༢༤་རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་མཆོག་རྒྱ་གར་གྱི་(Gujurat)་མངའ་སྡེའི་རྒྱལ་ས་(Ahmadabad)་ནང་ཕེབས་སྐབས། མི་མང་ཁྲི་ཚོ་མང་པོས་དགའ་བསུ་ཞུས་པ་དང་། རྒྱ་གར་གྱི་སྲིད་བློན་མོ་དྷི་(Modi)་ལྷན་དུ་དབྱུགས་རྩེད་སྤོ་ལོའི་རྩེད་ཐང་དུ་མི་མང་ཆིག་འབུམ་བརྒལ་བར་གཏམ་བཤད་གནང་ཡོད་པ་རེད།