ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
དེ་རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་སྐབས་ལས་མཚམས་བཞག་པའི་ལས་བྱེད་དང་། ད་ཡོད་ལས་བྱེད་ཕལ་མོ་ཆེ་བར་ཟླ་ ༥ པའི་ཚེས་ ༩ ནས་གཏན་དུ་ལས་མཚམས་འཇོག་དགོས་པའི་བརྡ་ལན་སྤྲད་ཡོད། གནས་སྟངས་དེར་བརྟེན་ཕྱི་ཟླ་ ༥ པའི་ཟླ་མཇུག་བར་དུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། འབར་མའི་སྐད་ཡིག་སྡེ་ཚན། ཡུ་གུར་སྐད་ཡིག་སྡེ་ཚན་(འཛམ་གླིང་ནང་གི་རང་དབང་ཅན་གྱི་ཡུ་གུར་སྐད་ཡིག་གི་གསར་ཁང་ཁོ་ན་དེ་ཡིན།) ལའོ་སྐད་ཡིག་སྡེ་ཚན་(གཟའ་འཁོར་འདིའི་ནང་སྒོ་བརྒྱབ་ཟིན།) གྱིས་གསར་འགྱུར་འདོན་སྤེལ་མཚམས་འཇོག་བྱེད་ཀྱི་ཡོད། དེ་བཞིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དབྱིན་ཡིག་སྡེ་ཚན་དང་། ཨེ་ཤེ་ཡ་དངོས་དོན་ཞིབ་བཤེར་སྡེ་ཚན་(Asia Fact Check Lab)གྱི་ལས་དོན་ཀྱང་མཚམས་འཇོག་བྱེད་ཀྱི་ཡོད་ལ། ཨེ་ཤེ་ཡ་དངོས་དོན་ཞིབ་བཤེར་ཁང་འདི་ནི་རྒྱ་ནག་གཞུང་གི་འཁྱོག་བཤད་དྲིལ་བསྒྲགས་རྫུན་མ་རྣམས་དབྱེ་ཞིབ་བྱེད་པར་དམིགས་པའི་དམིགས་བསལ་སྡེ་ཚན་ཞིག་ཡིན།
གནས་སྟངས་དེ་དང་འབྲེལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་བྷེ་ཕང་གིས་གཟའ་འཁོར་སྔོན་མའི་ཁྲིམས་ཁང་གིས་བཀའ་རྒྱ་བཏང་ཡོད་ནའང་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་(USAGM)གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་བྱ་རྒྱུར་དུས་འགྱངས་བྱས་རྐྱེན་བྱེད་བབ་འདི་ལྟ་བུ་ལག་བསྟར་མ་བྱ་ཐབས་མེད་དུ་གྱུར་ཡོད་པ་གསུངས་ཡོད། དེ་ཡང་ཁོང་གིས་"ང་ཚོ་ད་ལྟ་སེམས་ཀྱིས་བཟོད་ཐབས་མེད་པའི་གནས་སྟངས་ཤིག་གི་ནང་དུ་གནས་ཡོད། གྲོས་ཚོགས་ཀྱིས་མ་དངུལ་གཏན་འབེབས་གནང་ཡོད་ཀྱང་། ང་ཚོས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ནས་མ་དངུལ་མཁོ་སྤྲོད་གནང་མིན་ལ་བརྟེན་ནས་སྡོད་ཐུབ་ཀྱི་མེད་པས། ང་ཚོས་ལས་བྱེད་མང་པོ་ལས་ཀ་ནས་ཕྱིར་འབུད་དང་། སྐད་ཡིག་སྡེ་ཚན་ཚང་མ་བདུན་ཕྲག་རྗེས་མའི་ནང་སྒོ་རྒྱག་དགོས་པའི་གནས་སུ་གྱར་ཡོད།" ཅེས་དང་།
དེ་བཞིན་ཁོང་གིས་མུ་མཐུད་"ང་ཚོའི་ལག་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་ཐོག་མར་འདོན་མཁན་གྱི་གསར་འགོད་པ་དང་། འབར་མའི་ནང་ཁུལ་དམག་འཁྲུག་གི་གནས་ཚུལ་འདོན་སྐབས་རང་གི་སྲོག་ལ་ཉེན་ཁ་ཕོག་མཁན་གྱི་གསར་འགོད་པ། དེ་བཞིན་ལྷོ་ཤར་ཨེ་ཤེ་ཡའི་ནང་མི་ཚོང་གི་དྲ་བ་ཕྱིར་བསྒྲགས་བྱེད་མཁན་གྱི་གསར་འགོད་པ། བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་གསལ་སྟོན་བྱེད་མཁན་གྱི་གསར་འགོད་པ་རྣམས་ཤོར་གྱི་ཡོད།"ཅེས་དང་།
“ཁོང་ཚོའི་རིན་ཐང་ཆེ་བའི་ལས་ཀ་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་ཁྲིའི་ཆ་ཤས་ཏེ། དེ་ནི་བདེན་པ་སྲུང་སྐྱོབ་ཀྱིས་སྲིད་དབང་སྒེར་གཅོད་པ་དང་དབང་ཤེད་ཅན་གྱི་དཔོན་རིགས་ཚོར་མཐའ་མའི་སྐད་ཆ་བཤད་དབང་མེད་པ་བཟོ་རྒྱུ་དེ་ཡིན། ང་ཚོའི་ལས་དོན་གཙོ་ཆེ་ཤོས་དེ་སྒྲིག་འཛུགས་དང་། གྲོས་ཚོགས་ཀྱི་གཏན་འབེབས་ལས་དོན་སྲུང་སྐྱོབ་བྱུ་རྒྱུ་མ་ཟད། ཉེན་ཁའི་གནས་སུ་ལྷུང་བའི་གསར་འགོད་པ་ཚོ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།”ཞེས་གསུངས་ཡོད།
རེས་གཟའ་པ་སངས་རྗེས་མར། ལས་བྱེད་༢༨༠ལྷག་ལས་གནས་ནས་ཕྱིར་འབུད་འགྲོ་གི་ཡོད་ཅིང་། དེ་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་རིར་ཡོད་པའི་ལས་བྱེད་ཀྱི་བརྒྱ་ཆ་༩༠ཡིན། དེ་བཞིན་ཨ་རིའི་ཕྱི་ལ་ཡོད་པའི་སྐད་ཡིག་སྡེ་ཚན་ཁག་གི་ལས་གནས་ ༢༠ ཙམ་མེད་པ་བཟོ་གི་ཡོད་པ་མ་ཟད། ཟླ་བ་གང་པོའི་རིང་ལ་མུ་མཐུད་ལས་བྱེད་གཞན་ཁག་ཅིག་ཀྱང་ཕྱིར་འབུད་འགྲོ་གི་ཡོད་པས། དེ་ལ་བརྟེན་ནས་སྒྲིག་འཛུགས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
ལས་མཚམས་བཞག་པའི་ལས་བྱེད་ཚོའི་འཕྲོད་བསྟེན་ཉེན་སྲུང་ཕྱི་ཟླ་ལྔ་པའི་མཇུག་བར་དུ་སྤྲོད་ཀྱི་ཡོད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།