ཤྲི་ལངྒར་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་རེད་ཟེར།

དེང་སྐབས་ཤྲི་ལངྒར་འཕྲད་བཞིན་པའི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ལས་བྱུང་བ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
ཉེ་ལམ་སྤྱི་ཟླ་༤པ་ནས་བཟུང་། ཤྲི་ལངྒ་རྒྱལ་ནང་དུ་ཅ་དངོས་ཀྱི་རིན་གོང་མཐོ་རུ་ཕྱིན་པ་དང་། གློག་ཆད་པ། སྣུམ་གོང་མཐོ་རུ་ཕྱིན་པ་སོགས་དཀའ་ངལ་འཕྲད་པ་དང་། དེ་ནི་གཞུང་གིས་འཛིན་སྐྱོང་ཡག་པོ་མ་བྱས་བ་ལ་བརྟེན་ནས་བྱུང་བ་ཡིན་པར་ངོས་འཛིན་གྱིས། མི་མང་གིས་རྒྱལ་ས་ཀོ་ལུམ་བྷོ་(Colombo)་གཙོས་གང་སར་ངོ་རྒོལ་ཤུགས་ཆེ་བྱས་དང་བྱེད་བཞིན་པ་དང་། ལྷག་པར་འདི་ཚེས་༩ཉིན་སླར་ཡང་མི་མང་གིས་ངོ་རྒོལ་བྱས་ཏེ་སྲིད་འཛིན་ལས་ཤག་ནང་འཛུལ་བར་བརྟེན་ནས་སྲིད་འཛིན་ར་ཇ་པག་ས་(Rajapaksa)་སིང་གྷ་པུར་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། འདི་ཚེས་༢༡གཟའ་ཕུར་བུའི་ཉིན་ཤྲི་ལངྒའི་སྲིད་དོན་པ་(Ranil Wickremsinghe)་ཡུལ་དེའི་སྲིད་འཛིན་ལ་བདམས་ནས་དམ་འབུལ་གནང་ཡོད་པ་དང་། ཁོང་གིས་ཡུལ་དེའི་གྲོས་ཚོགས་ཀྱི་སར། ད་ཆ་ཤྲི་ལངྒ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་གདོང་ལེན་བྱ་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
ཐེ་ཝན་ནང་གི་ཐེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་གི་རྒྱ་ནག་ཕྱི་སྲིད་ཉམས་ཞིབ་པ་དང་རྒྱ་ནག་གི་ས་མཚམས་དབྱེ་ཞིབ་པ་ས་ན་ཧཤ་མི་ལགས་ཀྱིས། ད་ལྟའི་ཤྲི་ལངྒའི་དཀའ་ངལ་ལ་བལྟ་སྐབས་ངེས་པར་དུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དེར་དོ་སྣང་བྱ་རྒྱུ་གལ་ཆེ་ཡིན། ད་ལྟའི་དཀའ་ངལ་དེ་ཤྲི་ལངྒའི་རྒྱལ་ཁབ་ཀྱི་གཞུང་འཛིན་ཡག་པོ་མ་བྱུང་བ་དེ་རྒྱུ་མཚན་གཙོ་བོ་ཞིག་མ་ཡིན་པར། རྒྱ་ནག་གིས་ཤྲི་ལངྒར་དངུལ་གཡར་བའི་སྐྱེད་ཀ་མཐོ་བ་མ་ཟད། གཡར་བའི་ཆ་རྐྱེན་སོགས་ཁ་གསལ་མེད་པ་དེ་ཡང་རྒྱུ་མཚན་གཞན་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གི་བུ་ལོན་འཇལ་མ་ཐུབ་པར་རྒྱལ་ཁབ་དེའི་གྲུ་གཟིངས་འཇོག་ས་ཧེམ་སྦན་ཏོ་ཏ་རྒྱ་ནག་ལ་ལོ་༩༩རིང་གཡར་དགོས་བྱུང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོའི་ཐེབས་རྩའི་(IMF)་དངུལ་བུན་སྐྱེད་ཀ་དེ་བརྒྱ་ཆ་༡.༣ཡིན་ཡང་། རྒྱ་ནག་གིས་ཤྲི་ལངྒར་དངུལ་བུན་བཏང་བའི་སྐྱེད་ཀ་བརྒྱ་ཆ་༣.༦སྤྲོད་བཞིན་ཡོད་སྟབས། བུ་ལོན་སློག་མ་ཐུབ་དུས་རྒྱ་ནག་ལ་ས་ཆ་དང་ཅ་དངོས་མཁོ་སྤྲོད་བརྗེ་རེས་བྱེད་བཞིན་ཡོད་པ་རེད། ཤྲི་ལངྒས་ཡུལ་དེའི་(Colombo Port)་ལས་འཆར་ཆེད་རྒྱ་ནག་གིས་དངུལ་བུན་ཐེར་འབུམ་༡.༤བླངས་ཡོད་པ་དང་། དངུལ་བུན་དེ་ནི་གླིང་ཕྲན་རྒྱལ་ཁབ་དེའི་ལོ་རྒྱུས་ཁྲོད་ཕྱིའི་རྒྱལ་ཁབ་ནས་དངུལ་བུན་གཡར་བ་འབོར་ཆེ་ཤོས་དེ་ཡིན་འདུག་ཅིང་ད་ལྟ་ཤྲི་ལངྒའི་བུ་ལོན་གྱི་ཁ་གྲངས་ནི་ཨ་སྒོར་ཐེར་འབུམ་༥༡ཡིན་པ་རེད།
རྒྱ་ནག་གི་སྐོར་ལ་ཉམས་ཞིབ་གནང་མཁན་ཨ་རྡིལ་སྦར་ར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ན། ཤྲི་ལངྒར་བུ་ལོན་གྱི་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་དེའི་ཁྲོད། རྒྱ་ནག་ལ་བརྒྱ་ཆ་༡༠ཡི་ཁ་གསབ་དགོས་ཀྱི་ཡོད་ལ་དཀའ་ངལ་དེའི་རྒྱུ་རྐྱེན་གཞན་ཞིག་ནི། རྒྱ་ནག་གིས་ཤྲི་ལངྒའི་སྲིད་གཞུང་ལ་ཆབ་སྲིད་ཀྱི་ངན་སྐུལ་བྱས་པ་དེས་ཤྲི་ལངྒའི་ནང་དབུལ་ཕོངས་མང་དུ་ཕྱིན་ཏེ་དཀའ་ངལ་ཤུགས་ཆེན་བཟོས་པ་རེད་འདུག་ཅེས་གསུངས་སོང་།
དེ་བས་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ད་སྐབས་ཤྲི་ལངྒའི་ནང་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་འཕྲད་བཞིན་པའི་གནད་དོན་དེ། ཤྲི་ལངྒས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ལ་མོས་མཐུན་ས་རྟགས་རྒྱབ་རྗེས་བུ་ལོན་ནང་ལྷུང་བ་དང་། དེ་ནས་རྒྱལ་ནང་དུ་སྤྱི་ཚོགས་ཟིང་འཁྲུག་དང་། དཔལ་འབྱོར་ཉམས་རྒུད། ལྐོག་ཟ་རུལ་སུངས་སོགས་ཀྱི་དཀའ་ངལ་བྱུང་བ་ངོས་འཛིན་གནང་གི་འདུག
རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གྱི་ལས་གཞི་དེ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ལམ་སྟོན་འོག་རྒྱལ་སྤྱིའི་སྟེང་ཚོང་ལས་གཉེར་རྒྱུའི་དམིགས་ཡུལ་ཞིག་ཡིན་པ་དང་། གཙོ་བོ་རྒྱལ་ཁབ་གཞན་གྱི་ནང་མེ་འཁོར་ལྕགས་ལམ་དང་། གནམ་ཐང་སོགས་འཛུགས་བསྐྲུན་ལས་གཞི་ཁག་ལ་དམིགས་ཡོད་པ་དང་། ལས་གཞི་དེ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༣ལོར་ཡོངས་བསྒྲགས་གནང་ཞིང་། ཕྱིས་སུ་ཕྱི་ལོ་༢༠༡༧ཟླ་བ་༡༠པའི་ནང་རྒྱ་ནག་གི་རྩ་ཁྲིམས་ནང་བཅུག་ཡོད་པ་རེད། ལས་གཞི་དེའི་འགྲོ་གྲོན་ནི་ཨ་སྒོར་ཐེར་འབུམ་༤༠༠ཡིན་པ་དང་། དེ་ལག་བསྟར་བྱས་པ་ནས་བཟུང་ད་བར་རྒྱལ་ཁབ་༢༣བུ་ལོན་ནང་ལྷུང་ཡོད་པ་དེ་སྔོན་རྒྱལ་སྤྱིའི་ཡར་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་སྙན་ཐོའི་ནང་གསལ་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།