ཧོང་ཀོང་ཉེན་རྟོགས་པས་ལས་འགུལ་བར་མེ་མདའ་བརྒྱབ་འདུག
2019.11.11
ཁ་ཉིན་ཧོང་ཀོང་ཉེན་རྟོགས་པས་ལོ་༢༡ ཡིན་པའི་ངོ་རྒོལ་ལས་འགུལ་བ་ཞིག་ལ་མེ་མདའ་བརྒྱབ་ནས་རྨས་སྐྱོན་བྱུང་ཏེ་སྨན་ཁང་དུ་བསྐྱལ་ཡོད་འདུག ལས་འགུལ་བ་གཞན་ཞིག་གིས་མེར་བསྲེག་བཏང་བའི་དོན་རྐྱེན་བྱུང་རྗེས་ཧོང་ཀོང་སྤྱི་ཁྱབ་པ་ Carrie Lam ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་མི་མང་གི་ངོ་རྒོལ་གྱི་ལས་འགུལ་ལ་སྐྱོན་བརྗོད་བྱས་འདུག མི་མང་གི་ངོ་རྒོལ་གྱི་ལས་འགུལ་དེས་གྲོང་ཁྱེར་གྱི་རྒྱ་ལམ་ཆེ་བ་ཁག་གཅིག་འགྲུལ་བཞུད་བྱེད་མ་ཐུབ་པ་བཟོས་ཡོད་པ་དང་། ས་འོག་རི་ལིའི་འགྲུལ་བཞུད་ཀྱང་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་མ་ཟད་ངོ་རྒོལ་བྱེད་མཁན་ཚོས་རི་ལི་སྡོད་སྒམ་ཞིག་མེར་བསྲེགས་བཏང་བ་དང་། བབས་ཚུགས་ཁག་ཅིག་ལ་གཏོར་སྐྱོན་བཏང་ཡོད་འདུག
བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་གྲོང་ཁྱེར་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་ཕྲུག་Alex Chow སྣུམ་འཁོར་འཇོག་ཡུལ་ཁང་བརྩེགས་ཞིག་གི་སྟེང་ནས་མར་ལྷུང་བའི་རྐྱེན་གྱིས་འདས་གྲོང་དུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད། གཞན་ཡང་རེས་གཟའ་ཉི་མའི་མི་མང་གི་ངོ་རྒོལ་གྱི་ལས་འགུལ་དེར་ས་གནས་འདྲ་མིན་ནས་མི་གྲངས་བཅུ་གྲངས་ཤིག་སྐོར་སྲུང་བས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག རྒྱ་ནག་དབུས་གཞུང་གི་ཧོང་ཀོང་ལས་དོན་ལྷན་ཁང་གིས་རེས་གཟའ་སྤེན་པའི་ཉིན་སྤྱི་བསྒྲགས་ཤིག་སྤེལ་བ་དེའི་ནང་ཧོང་ཀོང་ནང་དྲག་པོའི་ངོ་རྒོལ་གྱི་ལས་འགུལ་བྱུང་བའི་རྒྱུ་རྐྱེན་དེ་མངའ་ཁུལ་དུ་བདེ་འཇགས་ཀྱི་ཁྲིམས་གཞི་དེ་སྲ་བརྟན་ཞིག་མེད་པའི་རྐྱེན་ཡིན་སྐོར་དང་ཁྲིམས་གཞི་དམ་དུ་གཏོང་རྒྱུའི་བརྡ་སྟོན་བྱེད་ཡོད་འདུག།