རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ་ཁག་ཅིག་གིས་རླུང་འཕྲིན་ཁང་གཉིས་ཀྱི་རྒྱུན་གྲོན་མ་དངུལ་སླར་གསོ་ཡོང་དགོས་བའི་འབོད་སྐུལ་ཞུས་འདུག
རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཧུའུ་ཕིན་ (Hu Ping) དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཝུའུ་ཞོ་ཕིན་ (Wu Shaoping) (Guang) གསར་ཁང་འཛུགས་མཁན་ཝང་ཨན་ནཱ་ (Wang Anna) ལ་སོགས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ། སྒྲིག་འཛུགས་བཅས་ཁག་ཅིག་གིས་མཉམ་དུ་འདི་ཚེས་༡༨ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) མཆོག་གི་མཚན་ཐོག་ཡོངས་ཁྱབ་འབོད་སྐུལ་ཡིག་གེ་ཞིག་སྤེལ་བའི་ནང་། སྲིད་འཛིན་ཊམཔ་ཡིས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ང་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་ལ་ངོ་རྒོལ་བྱེད་མཁན་གྱི་ཕྱི་རྒྱལ་གྱི་མང་གཙོའི་ལས་འགུལ་བ་ཡིན། ཉེ་ཆར་ཨ་རིའི་གོ་ལའི་གསར་འགྱུར་བརྒྱུད་ལམ་ (USAGM) ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་གཞུང་གི་ཐག་གཅོད་དེས་ཨ་རིའི་རླུང་འཕྲིན་ཁང་ (Voice of America VOA) དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (Radio Free Asia RFA) བཅས་ཀྱི་ལས་དོན་མཚམས་འཇོག་བྱེད་དགོས་བྱུང་ཡོད། འདིས་རྒྱ་ནག་སྐམ་ས་དང་ཧོང་ཀོང་། དེ་བཞིན་འཛམ་གླིང་ཡོངས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་རྒྱ་སྐྱེད་ལ་ཁ་གཏད་གཅོག་པའི་འབད་བརྩོན་ལ་གོད་ཆག་ཚབས་ཆེན་ཐེབས་རྒྱུ་རེད་ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དེ་རང་གི་སྲོག་རྩའི་ནང་ནས་གཅིག་ཏུ་བརྩི་སྟེ་གསར་འགྱུར་བརྒྱུད་ལམ་རྣམས་ཀླད་པ་བཀྲུ་པའི་དྲིལ་བསྒྲགས་ཀྱི་ཡོ་ཆས་དང་། ཆབ་སྲིད་ཐད་གལ་ཆེན་རང་བཞིན་གྱིས་བེད་སྤྱོད་བྱེད་བཞིན་པ་དེས་མང་ཚོགས་ཀྱི་བསམ་ཚུལ་བཟོ་བཅོས་བྱེད་པར་མ་དངུལ་འབོར་ཧ་ཅང་ཆེན་པོ་འཇོག་གི་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་མི་དམངས་དང་སྲིད་གཞུང་རྣམས་ལ་ཁོང་ཚོའི་རྫུན་གཏམ་རྣམས་ངོས་ལེན་བྱེད་དུ་བཅུག་གི་ཡོད་པ་རེད། རྒྱ་ནག་དམར་ཤོག་གིས་རང་གི་ལྟ་གྲུབ་དང་འཐབ་ཇུས་ཀྱི་འཐབ་རྩོད་ཁྲོད་གསར་འགོད་རང་དབང་ལ་བཀག་སྡོམ་དང་གནས་ཚུལ་དངོས་ཁྱབ་སྤེལ་བཀག་སྡོམ་བྱེད་བཞིན་སྐབས་འདིར་ཨ་རིའི་རླུང་འཕྲིན་ཁང་ (VOA) དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) ལྟ་བུའི་གསར་འགྱུར་བརྒྱུད་ལམ་ཁག་གིས་འདས་པའི་ལོ་ངོ་བཅུ་ཕྲག་རིང་ཧ་ཅང་ནུས་པ་ཆེན་པོ་ཐོན་ཡོད་པ་ར་སྤྲོད་བྱུང་ཡོད། ཁོང་ཚོས་འཛམ་གླིང་ཡོངས་ཀྱི་ཉན་མཁན་ཚོར་གནས་ཚུལ་ཁྱབ་སྤེལ་གལ་ཆེན་བྱས་པ་དང་དམངས་གཙོའི་རིན་ཐང་དར་སྤེལ་བཏང་བ་མ་ཟད། ལྷག་པར་དུ་ངོ་རྒོལ་བ་ཚུད་པའི་མི་སེར་རྣམས་ལ་དབང་འཛིན་སྲིད་གཞུང་གིས་གཉའ་གནོན་བཙན་འཛུལ་བྱེད་པའི་གནས་ཚུལ་ཕྱིར་བཏོན་དང་དམངས་གཙོའི་སྐོར་གྱི་སྤྱི་ཚོགས་ཀྱི་གོ་རྟོགས་མཐོར་འདེགས་བཏང་སྟེ་མི་རྣམས་ལ་གཉའ་གནོན་ཚད་མེད་བྱེད་པའི་སྲིད་དབང་ལ་ངོ་རྒོལ་བྱེད་པའི་སྙིང་སྟོབས་བསྐྲུན་ཡོད། བརྒྱུད་ལམ་འདི་དག་གིས་དབང་འཛིན་སྒེར་གཅོད་སྲིད་གཞུང་གི་བྱ་སྤྱོད་སྲིད་ཇུས་ལ་ཁ་གཏད་གཅོག་པའི་ནང་དུ་ཧུར་ཐག་དང་གལ་ཆེའི་ནུས་པ་ཞིག་འདོན་བཞིན་ཡོད། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨ་རིའི་སྟོབས་ཤུགས་ཀྱི་གྲུབ་ཆ་དང་མཚོན་རྟགས་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་བས་ང་ཚོས་ཨ་རིའི་གཞུང་དང་ཆབ་སྲིད་ཚོགས་པ་གཉིས་ཀྱིས་རྒྱ་ནག་མི་མང་གིས་རྒྱ་ནག་དམར་ཤོག་གི་གདུག་རྩུབ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་ཡུན་རིང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་རླུང་འཕྲིན་ཁང་དེ་གཉིས་ཀྱི་ལས་དོན་མུ་མཐུད་གནས་ཐབས་སུ་རྒྱུན་གྲོན་མ་དངུལ་བཀའ་ཁྲོལ་ངེས་པར་དུ་སླར་གསོ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བྲིས་འདུག
ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) གཞུང་འཛིན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སོགས་ལས་ཁུངས་ཁག་ཅིག་གི་རྒྱུན་གྲོན་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་བཀའ་རྒྱ་བཏང་བའི་རྗེས། འདི་ཚེས་ ༢༡ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ནས་བཟུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ལས་བྱེད་པ་བརྒྱ་ཕྲག་བརྒལ་བ་གླ་ཕོགས་མེད་པའི་ལས་མཚམས་འཇོག་དགོས་བྱུང་བ་ལས་ཁུངས་ཀྱི་འཛིན་སྐྱོང་གི་ངོས་ནས་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་བྱས་ཡོད་པ་རེད།
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མགྲིན་ཚབ་པ་ (Rohit Mahajan) གྱིས། ཨ་རིའི་སྲིད་འཛིན་ཊམཔ་གཞུང་འཛིན་གསར་བའི་ཐག་གཅོད་དེ་ནི་ཁྲིམས་འགལ་ཡིན་ཞིང་། གསར་འགྱུར་ལས་ཁང་དེ་ཡོངས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་ཀྱིས་གཞུང་གི་རོགས་དངུལ་ལ་བརྟེན་ནས་ལས་དོན་བྱེད་ཀྱི་ཡོད་པས། རླུང་འཕྲིན་ཁང་གི་ངོས་ནས་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།།
* ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཨ་རིའི་སྲིད་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་གནང་པར་བརྟེན། ང་ཚོའི་ལས་དོན་རྣམས་ལས་བྱེད་ཉུང་ཤས་ཤིག་གིས་སྒྲུབ་བཞིན་ཡོད་པས་ང་ཚོའི་དྲྭ་རྒྱ་དང་སྤྱི་ཚོགས་དྲྭ་རྒྱའི་སྟེང་གནས་ཚུལ་ཉུང་ཤས་ལས་འགོད་ཐུབ་རྒྱུ་མིན་པ་དགོངས་འཇགས་ཞུ། ཁྱེད་ཚོས་མུ་མཐུད་དུ་ང་ཚོའི་གསར་འགོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་པར་ཐུགས་རྗེ་ཆེ་ཞུ།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།