ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།

2025.03.20
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
Lhuboom/RFA

ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) གཞུང་འཛིན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སོགས་ལས་ཁུངས་ཁག་ཅིག་གི་རྒྱུན་གྲོན་མ་དངུལ་མཁོ་སྤྲོད་མཚམས་འཇོག་བྱ་རྒྱུའི་བཀའ་རྒྱ་བཏང་བའི་རྗེས། འདི་ཚེས་ ༢༡ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ནས་བཟུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ལས་བྱེད་པ་བརྒྱ་ཕྲག་བརྒལ་བ་གླ་ཕོགས་མེད་པའི་ལས་མཚམས་འཇོག་དགོས་བྱུང་བ་ལས་ཁུངས་ཀྱི་འཛིན་སྐྱོང་གི་ངོས་ནས་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་བྱས་ཡོད་པ་རེད།
དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མགྲིན་ཚབ་པ་ (Rohit Mahajan) གྱིས། ཨ་རིའི་སྲིད་འཛིན་ཊམཔ་གཞུང་འཛིན་གསར་བའི་ཐག་གཅོད་དེ་ནི་ཁྲིམས་འགལ་ཡིན་ཞིང་། གསར་འགྱུར་ལས་ཁང་དེ་ཡོངས་སུ་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་ཀྱིས་གཞུང་གི་རོགས་དངུལ་ལ་བརྟེན་ནས་ལས་དོན་བྱེད་ཀྱི་ཡོད་པས། རླུང་འཕྲིན་ཁང་གི་ངོས་ནས་ཁྲིམས་ཐོག་ནས་ཞུ་གཏུག་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།


ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་གཞུང་གིས་ཕྱི་ཟླ་གསུམ་པའི་ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (United States Agency for Global Media, or USAGM) འོག་གི་གསར་ཁང་ཁག་ལ་གཞུང་གི་རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་པ་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་། ཡོ་རོབ་རང་དབང་རླུང་འཕྲིན་ཁང་ (Radio Free Europe/Radio Liberty) གཉིས་ཀྱི་ལས་དོན་རྒྱུན་སྐྱོང་ཐུབ་ཐབས་མེད་པའི་གནས་སྟངས་བྱུང་བ་དང་། དེ་བཞིན་ཨ་རིའི་རླུང་འཕྲིན་ཁང་གི་ (VOA) ལས་བྱེད་པ་ ༡༣༠༠ ལྷག་གླ་ཡོད་ལས་མཚམས་འཇོག་དགོས་བྱུང་བ་དེས་གཞུང་གི་མ་དངུལ་ལ་བརྟེན་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་ཕོག་ཚབས་ཆེན་ཐེབས་ཀྱི་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མཚོན་ན། ༡༩༩༦ ནས་བཟུང་ཨེ་ཤེ་ཡ་གླིང་ཆེན་ཡོངས་ལ་གསར་འགྱུར་རྒྱང་སྲིང་བྱེད་མུས་ཡིན་ཞིང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཚོས་སྐད་ཡིག་སྣ་མང་གི་ཐོག་ནས་གསར་འགོད་ལས་དོན་གྱིས་དབང་འཛིན་པའི་སྲིད་གཞུང་འོག་ཏུ་གནས་པའི་རྒྱལ་ཁབ་ཁག་ནང་གི་གནས་ཚུལ་ཡིད་རྟོན་འཕེར་བའི་འབྱུང་ཁུངས་ཤིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་ནང་གི་བོད་དང་ཡུ་གུར་ཁ་ཆེ་ལྟ་བུའི་མི་རིགས་རྣམས་ཀྱིས་མྱོང་བཞིན་པའི་དྲག་གནོན་གྱི་བྱ་སྤྱོད་རྣམས་གོ་རྟོགས་སྤེལ་བཞིན་ཡོད་པ་གསུངས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མགྲིན་ཚབ་པ་ (Rohit Mahajan) གིས་ད་རེས་ཀྱི་གཟའ་པ་སངས་ནས་ལས་བྱེད་གླ་མེད་ལས་མཚམས་འཇོག་རྒྱུ་དེས་ཨ་རིར་རྟེན་གཞི་བྱས་པའི་ལས་བྱེད་ཚོར་གཙོ་བོ་དོ་ཕོག་ཐེབས་རྒྱུ་ཡིན་པ་དང་། ལས་ཁུངས་དེར་ལས་ཀ་བྱེད་མཁན་མི་གྲངས་ ༣༠༠ ་ལྷག་ཡོད་པ་ནས་བརྒྱ་ཆ་ ༧༥ ཙམ་གླ་མེད་ལས་མཚམས་འཇོག་དགོས་བྱུང་། དེ་ནི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་པའི་གླ་ཕོགས་སྤྲོད་རྒྱུའི་མ་དངུལ་ཧ་ཅང་ཉུང་ཙམ་ལས་ལྷག་མེད་སྟབས། གཞུང་གིས་རོགས་དངུལ་མཚམས་འཇོག་བྱས་པ་དེ་ཁྲིམས་མཐུན་མིན་པའི་ཁྲིམས་གཏུགས་བྱེད་བཞིན་པའི་སྐབས་འདིར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ངོས་ནས་ལས་ཀ་མུ་མཐུད་དུ་གནས་ཐབས་བྱེད་བཞིན་ཡོད། ཅེས་གསུངས་ཡོད།
ད་དུང་ཁོང་གིས་ལས་བྱེད་པ་གླ་མེད་ལས་མཚམས་འཇོག་རྒྱུའི་ནང་ཐོངས་མཆན་ (Visa) གི་གནས་བབ་ལ་བརྟེན་ནས་ལས་ཀ་བྱེད་ཆོག་པའི་ལག་འཁྱེར་ཡོད་པའི་ལས་བྱེད་པ་དང་། ལྷག་པར་དུ་ལས་བྱེད་གང་ཞིག་རང་ཡུལ་དུ་ཕྱིར་ལོག་བྱས་ཚེ་གནོད་འཚེ་ཕོག་སྲིད་པ་རྣམས་སྲུང་སྐྱོབ་བྱ་རྒྱུའི་ཆེད་ལས་ཀའི་ཐོག་མུ་མཐུད་གནས་ཐབས་འབད་བརྩོན་གནང་བཞིན་ཡོད་པ་དང་། དེ་མིན་གླ་མེད་ལས་མཚཥས་འཇོག་པའི་ལས་བྱེད་པ་རྣམས་ལ་ཕྱི་ཟླ་བཞི་པའི་ཟླ་མཇུག་བར་དུ་སྨན་བཅོས་ཀྱི་མཐུན་རྐྱེན་ཪག་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་པ་ཚོ་གནས་སྐབས་ཅིག་རིང་ལས་མཚམས་འཇོག་རྒྱུའི་བརྡ་ཐོའི་ནང་དཔལ་འབྱོར་གྱི་དཀའ་ངལ་སེལ་བའི་རྗེས་སུ་ལས་བྱེད་ཚོ་ལས་ཁུངས་ལ་ཕྱིར་ལོག་ཐུབ་པའི་རེ་བ་གནང་གི་ཡོད་ནའང་མ་འོངས་བའི་གནས་སྟངས་ཇི་འདྲ་ཆགས་མིན་ད་ལྟ་ཚོད་དཔག་ཐུབ་ཀྱི་མེད་པ་གསུངས་འདུག
ཨ་རིའི་གཞུང་འཛིན་གསར་པས་ཨ་མི་རི་ཀས་མ་དངུལ་བཏང་ནས་བཙུགས་པའི་རླུང་འཕྲིན་ཁང་ཁག་གི་རྒྱུན་གྲོན་མ་དངུལ་བཀག་པར་བརྟེན་རྒྱ་ནག་གི་ཕྱོགས་ནས་དགའ་བསུ་བྱེད་བཞིན་ཡོད་ཀྱང་། ཕྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་སྡེ་ཁག་དང་ཨེ་ཤེ་ཡའི་ནང་གི་གཞུང་དང་ལྟ་སྤྱོད་མི་མཐུན་པ་དང་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་བཀག་སྡོམ་བྱས་བར་བློ་ཕམ་སྐྱོན་བརྗོད་དང་ཡིད་ཆེས་དཀའ་བའི་རྣམ་འགྱུར་སྟོན་གྱི་འདུག
* ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཨ་རིའི་སྲིད་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་གནང་པར་བརྟེན། ང་ཚོའི་ལས་དོན་རྣམས་ལས་བྱེད་ཉུང་ཤས་ཤིག་གིས་སྒྲུབ་བཞིན་ཡོད་པས་ང་ཚོའི་དྲྭ་རྒྱ་དང་སྤྱི་ཚོགས་དྲྭ་རྒྱའི་སྟེང་གནས་ཚུལ་ཉུང་ཤས་ལས་འགོད་ཐུབ་རྒྱུ་མིན་པ་དགོངས་འཇགས་ཞུ། ཁྱེད་ཚོས་མུ་མཐུད་དུ་ང་ཚོའི་གསར་འགོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་པར་ཐུགས་རྗེ་ཆེ་ཞུ།


ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎