རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
* འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དབྱིན་ཡིག་ནང་ཀློག་ཐུབ། ཚེས་༡༧ཉིན་སྤེལ་ཚེས་ ༡༨ ཉིན་ཁ་སྣོན་བྱས།
བོད་མིའི་དབུ་ཁྲིད་རྣམ་པ་དང་རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) མེད་པ་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་བྱས་ཏེ། ཐག་གཅོད་འདིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) དང་ཨ་རིའི་རླུང་འཕྲིན་ཁང་ (VOA) བཅས་ཀྱི་མ་འོངས་པར་མདུན་ལམ་ལ་ཉེན་ཁ་བཟོས་ཡོད་ཅེས་བརྗོད་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥།༢༦ ལོའི་སྔོན་རྩིས་འཆར་འབུལ་སྐབས། རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་སྔོན་རྩིས་བཟོ་སྟངས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བར་ཁྱད་པར་ཆེན་པོ་ཡོད་སྐོར་ངོ་སྤྲོད་གནང་པ་དང་འབྲེལ། རང་བཙན་ཡོད་པའི་རྒྱལ་ཁབ་ཚོས་གཙོ་བོ་ཡོང་བབས་ལ་བརྟེན་པའི་འགྲོ་གྲོན་རྣམས་གཞུང་སོ་སོའི་སྲིད་བྱུས་ལངས་ཕྱོགས་དང་འབྲེལ་ནས་ལས་གཞིའི་གལ་གནད་ངོས་འཛིན་བྱེད་ཀྱི་ཡོད་ནའང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཀྱི་བརྒྱ་ཆ་ ༩༠ ལྷག་རོགས་དངུལ་ལ་བརྟེན་ཡོད་པ་དེ་ནས་ལས་གཞི་འཆར་སྒྲིག་དགོས་ཀྱི་ཡོད། ཅེས་གསུངས་པ་དང་འབྲེལ། ཨ་རིའི་རོགས་དངུལ་དང་འབྲེལ་བའི་གནས་ཚུལ་སྐོར་གྲོས་ཚོགས་སུ་འགྲེལ་བརྗོད་གནང་འདུག
དེ་བཞིན་ཁོང་གིས་གསར་འགོད་པ་ཚོར་སྤྱིར་བཏང་བོད་དོན་དང་འབྲེལ་བའི་རོགས་དངུལ་རག་ཐབས་སོགས་ཚང་མའི་སྒང་ལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་འབད་བརྩོན་གནང་བཞིན་པ་དང་། བོད་སྐད་རླུང་འཕྲིན་ཁང་ཁག་སྲུང་སྐྱོབ་ཆེད་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་བོད་མིའི་སྤྱི་མཐུན་ཚོགས་པ་ཚོར་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་སྐབས་གླེང་སློང་དགོས་པའི་བཀོད་མངགས་ལམ་སྟོན་གནང་ཡོད་པ་གསུངས་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (RSF) དང་ཨ་རིའི་ (PEN) རྩོམ་པ་པོའི་མཐུན་ཚོགས་ (PEN America) གཉིས་ཀྱིས་རླུང་འཕྲིན་ཁང་ཁག་ཕྱིར་བསྡུ་གནང་རྒྱུའི་ཐག་གཅོད་དེར་སྐྱོན་བརྗོད་བྱས་པ་དང་སྦྲགས། ཨ་རིའི་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) གྱི་ཐག་གཅོད་འདིས་རྒྱ་ནག་དང་ར་ཤི་ཡ་ལྟ་བུའི་དབང་འཛིན་ལམ་ལུགས་ཀྱིས་རྒྱལ་སྤྱིའི་བརྡ་འཕྲིན་ལ་ཚོད་འཛིན་མེད་པར་སྟངས་འཛིན་བྱེད་ཐུབ་པའི་ནུས་པ་སྤྲོད་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།
ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ (PEN America) ཡི་གསར་འགོད་དང་གནས་ཚུལ་ལས་རིམ་གྱི་འགན་འཛིན་ (Tim Richardson) ལགས་ཀྱིས། གལ་གནད་ཆེ་བའི་བརྒྱུད་ལམ་འདི་དག་མེད་པ་བཟོ་རྒྱུའི་ཐབས་ཤེས་འདི་ནི་རྒྱལ་སྤྱིའི་བདེན་དོན་དང་མང་གཙོར་གྱོང་གུན་ཚབས་ཆེན་ཞིག་ཡིན་པ་དང་། ཐག་གཅོད་འདིས་དབང་འཛིན་པ་དང་དགྲ་བོ་ཚོས་གནས་ཚུལ་རྫུན་མ་དྲིལ་བསྒྲགས་བྱེད་ཐུབ་པར་དགའ་བསུ་ཞུ་ངེས་རེད། བརྒྱུད་ལམ་འདི་དག་མེད་པ་བཟོས་པ་དེས་གསར་འགྱུར་རང་དབང་ལ་དམ་དྲག་གིས་སྒོ་བརྒྱབ་ཡོད་པའི་སྤྱི་ཚོགས་ནང་རང་དབང་གི་གསར་འགྱུར་དང་རིག་གཞུང་གྱི་ལས་རིམ་ཁག་མཁོ་སྤྲོད་བྱེད་ཀྱི་ཡོད། ཊམཔ་གཞུང་གིས་རྒྱལ་ནང་གི་གསར་འགྱུར་རང་དབང་ལ་རྒོལ་རྡུང་བྱེད་པ་འདིས་དབང་འཛིན་ལམ་ལུགས་ཀྱིས་ཁྱབ་བརྡལ་བཏང་པའི་རྒྱལ་སྤྱིའི་བརྡ་འཕྲིན་ལ་སྟངས་འཛིན་བྱེད་མ་ཐུབ་པར་རང་དབང་སྤྲོད་ངེས་རེད། ང་ཚོས་ཨ་རིའི་གྲོས་ཚོགས་ནས་འདས་པའི་ལོ་ ༨༠ རིང་ཆབ་སྲིད་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་གནང་པ་བཞིན་རང་དབང་ལྡན་པའི་གསར་འགྱུར་གྱི་གཞི་རྩའི་འབྱུང་ཁུངས་འདི་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་འགྲེལ་བརྗོད་གནང་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (RSF) ཀྱིས་ཨ་རི་ལ་མ་དངུལ་སླར་གསོ་བྱེད་པ་དང་གསར་འགོད་པ་ཚོར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ནི་དབང་ཤུགས་འོག་ཏུ་མནར་གཅོད་མྱངས་པ་དང་བཙན་བྱོལ་དུ་གནས་པའི་ཚོགས་པ་དེ་དག་གི་མགྲིན་ཚབ་པ་ལྟ་བུ་ཡིན་པ་མ་ཟད། དབང་འཛིན་ལམ་ལུགས་ཀྱིས་སྡུག་སྦྱོང་མནར་གཅོད་བཏང་བའི་སྐོར་གནས་ཚུལ་སྤེལ་ཐུབ་མཁན་གྱི་གསར་འགྱུར་བརྒྱུད་ལམ་ཉུང་ཤས་ནང་ནས་གཅིག་ཡིན་ལ། མི་ས་ཡ་མང་པོས་ཉིན་ལྟར་གསར་འགྱུར་ལ་ལྟ་ཉན་བྱེད་ཀྱི་ཡོད། ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) དང་དེའི་གསར་འགྱུར་ལས་ཁུངས་ཁག་སྒོ་རྒྱབ་པ་བརྒྱུད་ནས། ཊམཔ་གཞུང་འཛིན་གྱིས་འཇིགས་སྣང་གི་བརྡ་ལན་ཞིག་གཏོང་གི་ཡོད། དེ་ནི་པེ་ཅིན་དང་མོ་སི་ཁོ་ལྟ་བུའི་དབང་འཛིན་ལམ་ལུགས་དག་ལ་ཚོད་འཛིན་མེད་པར་ཁྱབ་བསྒྲགས་སྤེལ་པའི་རང་དབང་སྤྲོད་ཀྱི་ཡོད། ཅེས་གསུངས་འདུག
དེ་མཚུངས་ཀྱིས་རྒྱ་ནག་ལ་དགའ་ཞེན་ཅན་གྱི་དཔྱད་བརྗོད་པ་ཚོས་འདི་ནི་ཨ་རིས་འཛམ་གླིང་ལ་ཤུགས་རྐྱེན་སྤྲོད་བཞིན་པ་ཉམས་དམས་སུ་འགྲོ་བའི་རྟགས་མཚན་ཞིག་ཡིན་ཞེས་བརྗོད་དེ་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM)སྒོ་རྒྱབ་པར་དགའ་བསུ་ཞུས་ཡོད། ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱས་པའི་བརྒྱུད་ལམ་གྱི་སྐུ་ཚབ་ཚོས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་སྒོ་རྒྱག་རྒྱུ་དེས་འཛམ་གླིང་ཡོངས་སུ་ཨ་རིའི་ཞི་བའི་སྟོབས་ཤུགས་ཉམས་དམས་སུ་གཏོང་ངེས་རེད་ཅེས་བརྗོད་འདུག
ཨ་རིའི་ཕོ་བྲང་དཀར་པོས་ཨ་རིས་མ་དངུལ་བཏང་ནས་བཙུགས་པའི་རླུང་འཕྲིན་ཁང་ཁག་སྒོ་རྒྱུ་བྱས་པར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་ཁམ་བྷོ་ཌེ་ཡའི་ཧོན་སེན་ (Hun Sen) གཞུང་གིས་དགའ་བསུ་བྱེད་བཞིན་ཡོད་ཀྱང་། ཨེ་ཤེ་ཡའི་ནང་གི་གཞུང་དང་ལྟ་སྤྱོད་མི་མཐུན་པ་དང་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་བཀག་སྡོམ་བྱས་བར་བློ་ཕམ་དང་ཡིད་ཆེས་དཀའ་བའི་རྣམ་འགྱུར་སྟོན་གྱི་འདུག
འདི་ནི་དམངས་གཙོར་ཕམ་ཁ་ཆེན་པོ་ཞིག་རེད་ཅེས་དེ་སྔ་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་ལོ་བདུན་རིང་བཙོན་དུ་ཚུད་མྱོང་མཁན་ཝེ་ཐེ་ནམ་གྱི་དམངས་གཙོ་དོན་གཉེར་བ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་ལ་གསུང་ཡོད། ཁོང་བཙོན་དུ་མ་ཚུད་སྔོན་ལ་རང་ཉིད་ཀྱི་བསམ་པར་དམར་ཤོག་གི་དབང་བསྒྱུར་གྱི་དམ་དྲག་འོག་ནས་བཅིངས་གྲོལ་ཐོབ་པ་བརྗོད་འདུག
ད་ལྟ་ཇར་མན་ནང་བཙན་བྱོལ་དུ་ཡོད་པའི་ (Nguyen Tien Trung) ནས་རླུང་འཕྲིན་ཁང་འདི་གཉིས་ཀྱིས་ང་རང་ཝེ་ཐེ་ནམ་གྱི་དམར་ཤོག་ཚོགས་པའི་དྲིལ་སྒྲོག་ལས་ཐར་བར་རོགས་རམ་བྱས་ནས་ང་རང་ཉིད་ཀྱི་དད་འདུན་དང་བྱ་སྤྱོད་སྤེལ་བར་ནུས་བ་གལ་ཆེན་ཐོན་ཡོད་ཅེས་བརྗོད་འདུག
ཁོང་གིས་མུ་མཐུད་དུ་གསུང་དོན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་རྒྱང་བསྲིངས་མཚམས་འཇོིག་བྱས་བ་ཡིན་ན། ཝེ་ཐེ་ནམ་དང་རྒྱ་ནག་དེ་བཞིན་ཨེ་ཤེ་ཡ་ཙམ་མ་ཟད་འཛམ་གླིང་སྟེང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་ལས་འགུལ་གོད་ཆག་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག
དེ་སྔོན་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་ས་བྱི་ཞི་བའི་ངོ་རྒོལ་ལས་འགུལ་ཆེན་མོ་སྤེལ་བའི་རྗེས་སུ། ཕྱི་ཟླ་བཞི་བའི་ཚེས་ ༩ ཉིན་རྒྱ་ནག་གཞུང་གིས་བཀོད་སྒྲིག་འོག་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དགོན་པར་གཟིགས་སྐོར་དུ་ཁྲིད་སྐབས། འཇམ་དབྱངས་སྤྱིན་པ་ལགས་དང་སངས་རྒྱས་རྒྱ་མཚོ་ལགས་སོགས་དགེ་འདུན་པ་ཉི་ཤུ་ཡས་མས་ཤིག་གིས་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་ངོ་རྒོལ་གནང་ཡོད་པ་རེད། དེའི་གྲས་ཀྱི་གཅིག་སྟེ་ད་ལྟ་རྒྱ་གར་ལྷོ་ཕྱོགས་འབྲས་སྤོངས་དགོན་དུ་སློབ་གཉེར་གནང་བཞིན་པའི་དགེ་འདུན་འཛམ་དབྱངས་སྦྱིན་པ་ལགས་ནས། དེ་སྔོན་ཁོང་ཚོས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ནས་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དགོན་པར་ལྟ་སྐོར་དུ་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་བས་གོང་ཚེས་ཉིན་གསར་འགོད་པའི་མདུན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཡིན་པ་དང་། དེ་བཞིན་བོད་ནང་མི་མང་པོས་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་གསང་བའི་ངང་ཉན་གྱི་ཡོད་པ་གསུངས་བྱུང་།
གཞན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་ (Elaine Pearson) ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དེ་ཨེ་ཤེ་ཡའི་གསར་འགྱུར་བརྒྱུད་ལམ་ནས་ཡལ་བ་ཡིན་ན་དེ་ནི་རྨེག་མེད་ཀྱི་ཕམ་ཁ་ཞིག་ཡིན་པ་གསུངས་འདུག
ཡང་ཁོང་གིས་སྤྱི་ཚོགས་དྲྭ་གནས་བརྒྱུད་ཨེ་ཤེ་ཡ་རླུང་འཕྲིན་ཁང་ལ་བློ་སྟོབས་ལྡན་པའི་གསར་འགོད་པ་མང་པོ་ཡོད་པ་ཚོས་དབང་ཆ་གཅིག་སྡུད་སྲིད་གཞུང་གི་སྦས་གསང་བྱེད་ཐབས་བྱས་པའི་དོན་དངོས་མང་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཕྱི་ལ་བཏོན་ཡོད་པ་གསལ་སྟོན་གནང་བ་དང་མཉམ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་སྒོ་བརྒྱབ་པ་ཡིན་ན་ས་ཁུལ་དེ་དག་གི་སྲིད་གཞུང་ནས་དབང་ཆ་ལོག་སྤྱོད་བྱེད་པར་བྱ་དགའ་སྤྲད་པ་ཞིག་ཡིན་པ་ངོས་འཛིན་གནང་གི་འདུག
རྒྱ་ནག་གི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀོ་ཡོས་ནས་ (X) སྤྱི་ཚོགས་དྲ་ལམ་དུ་བཀོད་པའི་རྩོམ་ཡིག་ནང་། རྒྱ་ནག་གཞུང་གིས་ཁོང་ལ་ཨ་རིའི་རླུང་འཕྲིན་ཁང་དང་་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲི་དང་ལེན་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བའི་སྐོར་བརྗོད་ནས། འདི་ལས་ང་རང་ནས་ཨ་རིའི་རླུང་འཕྲིན་ཁང་འདི་གཉིས་ནི་རྒྱ་ནག་གཞུང་སྐྲག་སྣང་བྱེད་ཡུལ་ངོ་མ་དེ་ཡིན་པ་ཤེས་རྟོགས་བྱུང་ཟེར། ད་ལྟ་རྒྱ་ནག་གཞུང་གིས་དགའ་འབོད་བྱེད་ཀྱི་ཡོད་པའི་དུས་རེད་ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་ལམ་སང་ཨ་རིའི་གཞུང་གི་རེས་གཟའ་པ་སངས་ཀྱི་བཀའ་རྒྱ་དེར་ལན་འདེབས་བྱས་མེད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱི་གོ་ལའི་དུས་བབ་ཀྱི་དཔྱད་བརྗོད་ནང་ཨ་རིའི་རླུང་འཕྲིན་ཁང་ལ་སྐྱོན་བརྗོད་ཆེན་པོ་བྱས་བ་མ་ཟད། རྩོམ་ཡིག་ནང་ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཡོ་རོབ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་ནུས་བ་གཙོ་བོ་ནི་ཨ་རིའི་ལྟ་གྲུབ་བརྗོད་ནས་རྒྱལ་ཁབ་གཞན་ལ་རྒོལ་རྡུང་བྱེད་པ་དེ་ཡིན་ཚུལ་བཀོད་འདུག
རྒྱ་ནག་གཞུང་གི་ལྟ་བ་ཁྱབ་སྤེལ་མི་སྣ་དང་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་རྒན་པ་ཟུར་བ་ཧུའུ་ཞི་ཇིན་ (Hu Xijin) ནས་ཨ་རིའི་གཞུང་གི་བཀའ་རྒྱར་དགའ་བསུ་བྱས་ནས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་རྒྱ་ནག་ལ་སྡང་སེམས་ཡོད་མཁན་ཞིག་ཡིན་པས། ད་ཐེངས་མ་དངུལ་བཀག་སྡོམ་བྱས་བར་ཧ་ཅང་དགའ་མོས་བྱེད་པ་བརྗོད་དེ་ཁོ་པའི་སྐད་འཕྲིན་སྟེང་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་དེ་དག་ད་ལྟ་ (iFeng.com) ཐེ་བའི་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་བྱེད་བཞིན་པ་རེད།
དེ་བཞིན་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་གྱི་པེ་ཅིན་ཉིན་རེའི་ཚགས་པར་སྟེང་རྩོམ་ཡིག་ཅིག་སྤེལ་ནས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཡོ་རོབ་རང་དབང་རླུང་འཕྲིན་ཁང་། ཨ་རིའི་རླུང་འཕྲིན་ཁང་བཅས་སྒོ་བརྒྱབ་པའི་གནས་ཚུལ་ཐད་ཟུར་ཟ་བྱས་ནས། དེ་ནི་རང་དབང་གི་སྒྲོན་མེ་ཟེར་བ་མེད་པར་གྱུར་བ་དང་། ཨ་རི་བཙན་དབང་བ་མཐར་ཐུག་འཛམ་གླིང་གི་ཁ་རྡུང་ཁྲོད་རྩ་མེད་ཕྱིན་པ་ཡིན་ཚུལ་བརྗོད་འདུག
སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་ལ་དགའ་ཞེན་བྱེད་མཁན་གྱི་ཤུགས་རྐྱེན་ཅན་ཚོས། ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པ་བཟོ་རྒྱུའི་ཨ་རིའི་སྲིད་འཛིན་གྱི་བཀའ་ཁྱབ་ཀྱི་གནས་ཚུལ་ལ་དགའ་བསུ་ཞུས་པ་དང་། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་སོགས་ཀྱི་སྒྲིག་འཛུགས་གཞན་ཁག་ལ་ཤུགས་རྐྱེན་ཐེབས་པ་དེ་ནི་དངོས་གནས་སེམས་དགའ་དགོས་པ་ཞིག་ཡིན་ཞེས་བརྗོད་པ་མ་ཟད། རྒྱ་ནག་གི་མི་དམངས་ཚོས་ཨ་རིའི་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་བསམ་བློར་ཨ་རིའི་ནང་ཁུལ་ནས་གཏོར་བཤིག་བཏང་པ་དང་ལས་དོན་ཁག་ཁ་འཐོར་དུ་ཕྱིན་པ་ཞིག་མཐོང་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་བརྗོད་མཁན་ཡོད་པ་རེད།
གོ་ལའི་དུས་བབ་ཅེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་རྩོམ་སྒྲིག་འགན་འཛིན་ཟུར་པ་དང་སྙན་གྲགས་ཆེ་བའི་རྒྱ་ནག་གི་རྒྱལ་ཞེན་འགྲེལ་བརྗོད་པ་ཧུའུ་ཞི་ཅིན་ (Hu Xijin) གྱིས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ (USAGM) སྒོ་རྒྱབ་པ་འདི་བསྐྱར་གསོ་མི་ཐུབ་པ་ཞིག་ཡོང་བའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།