ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་འཇིམ་མི་ལེ་ལ་ཁྲིམས་དཔྱོད་འདྲི་རྩད་མཇུག་སྒྲིལ་འདུག

2025.03.06
ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་འཇིམ་མི་ལེ་ལ་ཁྲིམས་དཔྱོད་འདྲི་རྩད་མཇུག་སྒྲིལ་འདུག ཧོང་ཀོང་གི་ཚོང་པ་དང་ཀུ་ཤུ་ཚགས་པར་གསར་འཛུགས་གནང་མཁན་དམངས་གཙོའི་ལས་འགུལ་བ་འཇིམ་མི་ལེ་ (Jimmy Lai) ཁྲིམས་ཁང་དུ་བཅར་སྐབས། ༢༠༢༡།༢།༡
REUTERS

དེ་ཡང་ཧོང་ཀོང་གི་ཚོང་པ་དང་ཀུ་ཤུ་ཚགས་པར་གསར་འཛུགས་གནང་མཁན་དམངས་གཙོའི་ལས་འགུལ་བ་འཇིམ་མི་ལེ་ (Jimmy Lai) ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་པ་ལག་འབྲེལ་བྱས་པའི་ཉེས་འཛུགས་ཕོག་སྟེ། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞིའི་འོག་ཕྱི་ཟླ་གསུམ་པའི་ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་ཁྲིམས་ཁང་དུ་ཁོང་ལ་འདྲི་རྩད་ཀྱི་ལས་དོན་མཇུག་བསྒྲིལ་ཡོད་པ་དང་། རེས་གཟའ་ཕུར་བུའི་ཉིན་མོ་དེ་ནི་ཁོང་ལ་ཉེས་བཙུགས་ཁྲིམས་བཤེར་བྱས་ནས་ཉིན་གྲངས་༡༤༤ ཕྱིན་པ་དང་ཁོང་གིས་ཁྲིམས་ཁང་གི་འདྲི་རྩད་ཁང་ནང་དུ་ལངས་ནས་ཉིན་གྲངས་ ༥༢ ཕྱིན་པའི་ཉིན་མོ་ཡིན་ཞིང་། ཁོང་གིས་ཁྲིམས་དཔོན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་རྒྱབ་སྐྱོར་བ་རྣམས་ལ་ལག་བརྡ་གནང་ཡོད་པ་རེད།
དགུང་གྲངས་ ༧༧ ཡིན་པའི་འཇིམ་མི་ལེ་ནི་ཕྱི་ལོ་ ༢༠༢༡ ཟླ་བ ༦ པར་ཉེན་རྟོག་པས་ཞིབ་བཤེར་དང་ཁོང་ནི་རྒྱུ་ནོར་བཀག་སྡོམ་བྱས་པའི་རྗེས་ཁོང་གིས་གསར་འཛུགས་བྱས་པའི་ (Apple Daily) ཞེས་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་སྒོ་བརྒྱབ་ཏུ་བཅུག་པ་དང་། ཁོང་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་དང་ངན་པ་ལག་འབྲེལ་ཡོད་པ་དང་གྱེན་ལོག་གི་རྒྱུ་ཆ་པར་སྐྲུན་བྱས་པའི་ཉེས་བཙུགས་བྱས་པ་རྣམས་ལ་འཇིམ་མི་ལེ་ཡིས་ངོས་ལེན་བྱས་མེད་པ་རེད།
ཁོང་གི་ནང་མིས་གསུངས་ན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཞན་པོ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཐོག་ལ་བཙན་འགེལ་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བའི་འོག་ཁོང་ལ་ཚེ་བཙོན་གྱི་ཉེས་ཆད་ཕོག་སྲིད་པ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཨ་རི་དང་དབྱིན་ཇི་ཚུད་པའི་རྒྱལ་ཁབ་ཁ་ཤས་ཀྱིས་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། ཁོང་ལ་ཁྲིམས་བཤེར་བྱས་པ་འདི་ནི་ཆབ་སྲིད་ཀྱི་ཁྲིམས་བཤེར་ཞིག་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད།།
ཁོང་གི་ད་ལྟའི་གནས་སྟངས་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་འགལ་ཟླར་གྱུར་ཡོད་པའི་སྐབས་འདིར་ཨ་རིའི་སྲིད་འཛིན་ཌོལ་ནལཌི་ཊམཔ་ (Donald Trump) ཡིས་ཁོང་ཧོང་ཀོང་ནས་ཕྱིར་འདོན་ཐུབ་རྒྱུ་ཡིན་པ་ཡིད་ཆེས་གནང་གི་ཡོད་པ་རེད།
ཁོང་ལ་བདུན་ཕྲག་མང་པོའི་རིང་ཁྲིམས་དཔྱོད་འདྲི་རྩད་བྱེད་སྐབས། ཁོང་གིས་གཙོ་བོ་སྨྲ་བརྗོད་རང་དབང་དང་གསར་འགྱུར་བརྒྱུད་ལམ་སྲུང་སྐྱོབ་ཀྱི་གནད་དོན་ཁག་གི་ཐོག་ལ་གསལ་བཤད་བྱས་པ་དང་ཆབས་ཅིག ཁོང་གིས་ཨ་རིར་རྒྱ་ནག་དང་ཧོང་ཀོང་གི་ཐོག་ལ་ཉེས་ཆད་གཏོང་དགོས་པའི་འབོད་སྐུལ་བྱས་ལུགས་ཀྱི་ཉེས་འཛུགས་བྱས་པ་དེར་འཇིམ་མི་ལེ་ (Jimmy Lai) ཡིས་ངོས་ལེན་བྱས་མེད་པ་རེད།
འཇིམ་མི་ལེ་ཡི་གྱོད་གཞི་དེའི་ཐོག་ཁྲིམས་ཁང་གིས་ཐག་གཅོད་ག་དུས་བྱ་མིན་གྱི་དུས་ཚོད་གཏན་འཁེལ་བྱུང་མེད་ནའང་ཉེ་དུས་ཁྲིམས་དཔོན་ཞིག་གིས་འདི་ལོའི་སྤྱི་ཟླ་ ༡༠ པའི་ནང་ཐག་གཅོད་ཡོང་སྲིད་པའི་སྐོར་བརྗོད་ཡོད་པ་རེད།
འཇིམ་མི་ལེ་ནི་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཀུ་ཤུ་གསར་ཁང་གི་བདག་པོ་དང་མང་གཙོ་དོན་གཉེར་བ་ཞིག་ཡིན། ཧོང་ཀོང་གི་རང་དབང་དང་མང་གཙོའི་ཆེད་དུ་སྐད་འབོད་བྱེད་མཁན་གྲགས་ཅན་ཞིག་ཡིན་པ་རེད།།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎