རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་ཧོང་ཀོང་ནང་མུ་མཐུད་དུ་དམ་དྲག་བྱེད་བཞིན་འདུག
དེ་ཡང་སྤྱི་ཟླ་༢ཚེས་༡༢ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཀོང་ཏུང་སྐད་གདངས་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་ལྟར་ན། ཧོང་ཀོང་ཉེན་རྟོག་དམག་དཔུང་གི་འགན་འཛིན་གཞོན་པ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་(Andrew Kan)་ཡིས་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་གཞུང་དང་བསམ་ཚུལ་མི་མཐུན་པའི་མི་རྣམས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ལུགས་ནན་བརྗོད་བྱས་ཡོད་ཅིང་། དེ་ཡང་ཁོས་ཕྱིའི་སྟོབས་ཤུགས་ཀྱི་ཉེན་ཁ་ཡོད་ལུགས་བརྗོད་དེ། ཧོང་ཀོང་ནང་ཡོད་པའི་ཁྱིམ་མི་དང་གྲོགས་པོ་ཚོར་དྲི་བ་བཏོན་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོར་མུ་མཐུད་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
པེ་ཅིང་གཞུང་གིས་ཧོང་ཀོང་ཐོག་རྒྱལ་ཁབ་བདེ་འཇགས་ཀྱི་དམིགས་བསལ་ཁྲིམས་གཞི་གཉིས་ལག་བསྟར་བྱས་ནས། ཧོང་ཀོང་མི་དམངས་ཀྱིས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རིགས་ཚང་མ་ཕྱིའི་སྟོབས་ཤུགས་ཀྱི་ཉེན་ཁ་ཟེར་བའི་ཁོངས་སུ་བཅུག་སྟེ། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་། གསར་འགོད་རང་དབང་སོགས་ལ་ཉམས་ཆགས་ཤུགས་ཆེ་བྱུང་ཡོད་ལ། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་མང་པོ་ཞིག་དབྱིན་ཡུལ་དང་། ཨ་རི། ཁེ་ན་ཌ་སོགས་སུ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད། ཡིན་ནའང་ཧོང་ཀོང་ནང་ཡོད་པའི་ཁོ་ཚོའི་ནང་མི་དང་ཉེ་འབྲེལ་ཚོར་ས་གནས་གཞུང་གིས་རྡུང་རྡེག་གཏོང་རྒྱུར་སྐྲག་ནས་ཕྱིའི་རྒྱལ་ཁབ་ཏུ་དམངས་གཙོའི་ལས་འགུལ་སྤེལ་རྒྱུར་ཡང་འཇིགས་སྣང་ཡོང་གི་ཡོད་པ་རེད།
༢༠༢༤ལོའི་ཕྱི་ཟླ་༡༡ཚེས་༡༩ ཉིན་ཧོང་ཀོང་དུ་མང་གཙོ་དོན་གཉེར་བ་དང་། གྲོས་ཚོགས་ཀྱི་འཐུས་མི་ཟུར་བ་བཅས་༤༥ ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་གཤིག་བཏང་བའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ནི་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་བའི་རྣམ་པ་གསལ་བོ་ཡིན་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྐྱོན་བརྗོད་བྱས་བ་མ་ཟད། ཧོང་ཀོང་གཞུང་གིས་ཉེས་ཆད་དེ་དག་མེད་པར་བཟོས་ཏེ། ཉེས་ཆད་ཕོག་མཁན་ཚང་མ་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།