ཀླུ་འཁྱིལ་དགོན་པའི་ཕོ་བྲང་གསར་བ་དབུ་འབྱེད་གནང་འདུག
2014.06.29

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པ་སངས་ཚེ་རིང༌།
༧གོང་ས་མཆོག་གིས་ལ་དྭགས་ཀླུ་འཁྱིལ་དགོན་པའི་ཕོ་བྲང་གསར་བ་དབུ་འབྱེད་དང་ཕར་ཕྱིན་མཁས་པའི་བགྲོ་གླེང་ཐོག་དབུ་བཞུཊ་གནང་འདུག
དེ་ཡང་སྤྱི་ཟླ་དྲུག་པའི་ཚེས་༢༩ཉིན་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀླུ་འཁྱིལ་དུ་ཡོད་པའི་མངའ་རི་རིན་པོ་ཆེ་མཆོག་གི་དགེ་ལྡན་དར་རྒྱས་གླིང་དགོན་པར་ཞབས་སོར་འཁོད་གནང་མཛད་པ་དང་། ཀླུ་འཁྱིལ་དགོན་པའི་ཕོ་བྲང་གསར་བཞེངས་ལ་རབ་གནས་མཛད་ཡོད་པ་རེད། ༧གོང་ས་མཆོག་དགོན་པའི་མཁན་བླ་འདུས་དམངས་ཀྱིས་དེ་སྔ་ནས་གསོལ་འདེབས་ཞུས་པ་ལྟར་ཆིབས་སྒྱུར་བསྐྱང་གནང་མཛད་སྐབས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཐོག་ཕེབས་ལམ་གཡས་གཡོན་དུ་དད་ལྡན་མང་ཚོགས་དང་སློབ་ཕྲུག་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་བསྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། དེའི་ཁུལ་ཡོད་པའི་མངའ་རིས་ཚང་དགོན་པ་ཁག་བདུན་གྱིས་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་བཞིན་སྲོལ་རྒྱུན་གྱི་བཀྲིས་པའི་སྨོན་ཚིག་འདོན་བཞིན་རྟེན་འབྲེལ་མཛད་སྒོ་གནང་ཡོད་པ་རེད། དེ་བཞིན་ཚེས༣༠ཉིན་རེས་གཟའ་ཟླ་བའི་ཉིན་ཆོས་ལུགས་རིས་མེད་ཀྱི་མཁས་དབང་འདུ་འཛོམས་ཀྱི་ཕར་ཕྱིན་མཁས་པའི་བགྲོ་གླེང་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་མཛད་གནང་ཡོད་པ་རེད།
གནས་ཚུལ་ལྟར་ན། ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་༧གོང་ས་མཆོག་གིས་ཤེས་རབ་སྙིང་པོའི་གསུང་ཆོས་སྩལ་རྒྱུ་དང་། གོང་གསལ་དགོན་ཁག་བདུན་དང་མང་ཚོགས་བཅས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་གནས་པའི་བརྟན་ཞུགས་ཀྱང་འབུལ་རྒྱུ་དང་། ཕྱི་ཟླ་བདུན་པའི་ཚེས་གསུམ་ནས་བཟུང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།
ཕྱི་ཚེས་༣༠ཉིན། སྤྱི་ནོར་༧གོང་ས་མཆོག་༸སྐྱབས་མགོན་ཆེན་པ་མཆོག་ནས་ལ་དྭགས་ཀླུ་འཁྱིལ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་མཛད་སྒོའི་དབུ་འབྱེད་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པའི་སྐོར་གཤམ་ལ་གསན་རོགས༎
ཞིབ་ཕྲ་འདི་གའི་ཆེད་མངགས་གསར་འགོད་པ་པ་སངས་ཚེ་རིང་གིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས
གསར་འགོད་པ་པ་སངས་ཚེ་རིང་།