རྒྱ་དཀར་ནག་བར་གྱི་རྩོད་རྙོག་སོགས་ལ་བརྟེན་ནས་ལ་དྭགས་ས་མཚམས་ཀྱི་འབྲོག་པ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག

འཕགས་བོད་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཆུ་ཤུལ་(Chushul)་ཁུལ་དུ་གནས་སྡོད་བྱེད་མཁན་འབྲོག་པ་ཚོ་རང་གི་ས་ཐོག་འཚོ་སྡོད་བྱ་རྒྱུར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་གི་རྐྱེན་པས་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། ས་གནས་དེའི་ཁུལ་གྱི་གཞོན་སྐྱེས་འབྲོག་པ་མང་ཆེ་བ་ས་གནས་ནས་གནས་སྤོས་བྱེད་ཀྱི་ཡོད་པ་དང་། ཀུན་སྐྱིད་སྒྲོལ་མ་ལོ་༣༠ཡས་མས་སུ་སླེབས་པའི་འབྲོག་མོ་ཁོང་དགུན་དུས་སུ་ཆུ་ཤུལ་ས་གནས་སུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁོང་གིས་(Al Jazeera)་ཨལ་ཇ་ཛི་ར་གསར་ཁང་ལ། འཕགས་བོད་ས་མཚམས་ཀྱི་ས་ཆ་དེ་ཚོ་ཁོང་ཚོས་དགུན་དུས་སུ་སེམས་ཅན་འཚོ་ས་དང་རྩྭ་ས་རྟེན་སའི་འབྲོག་ས་གཙོ་བོ་ཞིག་ཡིན་ན་ཡང་སྒོ་ཕྱུགས་ར་ལུག་རྣམས་ས་མཚམས་ཀྱི་འབྲོག་སར་འཚོ་བའི་སྐབས་རྒྱ་ནག་གི་དམག་མིས་ང་ཚོ་བཀག་འགོག་བྱས་ཏེ་ས་ཆ་གཞན་དུ་རྩྭ་ཐང་འཚོལ་དགོས་ཚུལ་དབང་ཡོད་བཤད་ཀྱི་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་འབྲོག་ས་མང་པོ་ཞིག་རྒྱ་གར་དང་རྒྱ་ནག་བར་ས་མཚམས་འཁྲུག་རྩོད་འོག་བཀག་སྡོམ་བྱེད་བཞིན་པར་བརྟེན་ནས་སེམས་ཅན་འཚོ་ས་མེད་པར་གྱུར་ཡོད་པ་མ་ཟད། དེ་སྔོན་འབྲོག་པའི་སེམས་ཅན་འཚོ་ས་གཙོ་བོའི་ཁུལ་སྤང་གོང་མཚོའི་ཁུལ་དུ་ཡང་སེམས་ཅན་འཚོ་ཐབས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
ལ་དྭགས་ནང་ཡོད་པའི་སེམས་ཅན་སྲོག་བླུ་གཏོང་མཁན་གྱི་ཚོགས་པ་སྙིང་རྗེ་ཚོགས་པའི་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ནི་ལ་དྭགས་ཀྱི་ཡུལ་མི་ཞིག་ཡིན་པ་དང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལ་དྭགས་ཀྱི་འབྲོག་པས་སྒོ་ཕྱུག་སེམས་ཅན་འཚོ་རྒྱུར་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་དེ་ལོ་རེ་བཞིན་ཇེ་སྡུག་ཡིན་པ་ངོ་སྤྲོད་གནང་བྱུང་། དཀའ་ངལ་དེ་བཞིན་ལོ་ཁ་ཤས་ཀྱི་གོང་ནས་བྱུང་བ་ཞིག་ཡིན་པ་དང་། ད་ཆ་དཀའ་ངལ་ཁག་ཅིག་སེལ་ཐུབ་ཡོད་ན་ཡང་། ས་མཚམས་དང་འབྲེལ་བའི་ས་ཁུལ་ཁག་ཅིག་གི་དཀའ་ངལ་ད་དུང་ཡང་སེལ་ཐུབ་མེད་པའི་སྐོར་ལ་དྭགས་ཆུ་ཤུལ་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བྱུང་། ལ་དྭགས་ཁུལ་གྱི་འབྲོག་ས་དང་། ལྷག་པར་དུ་ས་མཚམས་ཁུལ་གི་འབྲོག་ས་ཁག་ལ་འབྲོག་པའི་སེམས་ཅན་འཚོ་མ་ཐུབ་པའི་དཀའ་ངལ་དེ་བཞིན་ཐོག་མར་རྒྱ་དཀར་ནག་གཉིས་བར་གྷལ་ཝན་ས་མཚམས་ཁུལ་དུ་འཁྲུག་ཟིང་བྱུང་བའི་རྗེས་ནས་དཀའ་ངལ་ཆེ་རུ་ཕྱིན་པའི་སྐོར་བོད་དོན་དོན་གཉེར་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདི་གར་ངོ་སྤྲོད་གནང་བྱུང་།
སྤྱིར་ལ་དྭགས་ཀྱི་འབྲོག་པའི་གཞོན་སྐྱེས་མང་པོ་ཞིག་གྲོང་གསེབ་དང་འབྲོག་ས་ནས་གྲོང་ཁྱེར་གྱི་ས་གནས་ཁག་ཏུ་གནས་སྤོས་བྱེད་ཀྱི་ཡོད་པའི་གནས་སྟངས་དེ་ནི་ཕྱོགས་གཅིག་ནས་ས་མཚམས་སུ་རྩོད་རྙོག་འཁྲུག་ཟིང་གི་གནས་སྟངས་དང་། གཞོན་སྐྱེས་ཚོས་ཕ་མེས་ལྟ་བུའི་འབྲོག་པ་ཁོ་ནའི་འཚོ་གནས་མིན་པར་རིམ་པས་སློབ་གྲྭར་བསྐྱོད་ནས་དམག་མི་དང་ལས་བྱེད་སོགས་ཀྱི་ལས་ཀའི་ནང་ཞུགས་ཏེ་ས་གནས་སུ་འབྲོག་པའི་འཚོ་བར་རོལ་མཁན་མེད་པའི་གནས་སྟངས་ཡོད་སྐོར་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གསུངས་ན། རྒྱ་གར་གཞུང་གིས་ལ་དྭགས་ཁུལ་གྱི་ས་གནས་མི་མང་ཚོ་ས་མཚམས་ཁུལ་དུ་གནས་ཐུབ་རྒྱུར་རོགས་དངུལ་དང་ཁང་པ་རྒྱབ་པ་སོགས་ཀྱི་རོགས་རམ་བྱེད་བཞིན་ཡོད་ན་ཡང་། ལ་དྭགས་ཁུལ་གྱི་འབྲོག་པ་གཞོན་སྐྱེས་མང་པོ་ཞིག་གྲོང་གསེབ་དང་འབྲོག་ས་ནས་གྲོང་ཁྱེར་གྱི་ས་གནས་གཞན་དུ་གནས་སྤོས་ཀྱིས་ས་གནས་སུ་འབྲོག་པའི་འཚོ་བར་རོལ་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཀྱིས་ས་གནས་ཀྱི་འབྲོག་པའི་སྲོན་རྒྱུན་མུ་མཐུད་གནས་ཐུབ་མིན་དེ་ཡང་བློ་ཚབས་སྐྱེ་གཞི་ཞིག་ཏུ་གྱུར་བཞིན་ཡོད་པ་གསུངས་བྱུང་།

ཉེ་ལམ་སྤྱི་ཟླ་དང་པོའི་ཚེས་༢ཉིན་འཕགས་བོད་གཉིས་ཀྱི་ས་འཚམས་ལ་དྭགས་བྱང་ཐང་བཀག་གཞུང་ཕྱོགས་སུ་ལ་དྭགས་ས་གནས་ཀྱི་འབྲོག་པ་ཁག་ཅིག་གིས་སྒོ་ཕྱུགས་འཚོ་བཞིན་པའི་སྐབས། རྒྱ་ནག་གི་མཐའ་སྲུང་དམག་མི་ཡོང་ནས་ས་ཆ་དེར་འགྲོ་མི་ཆོག་པ་དང་སྒོ་ཕྱུགས་འཚོ་མི་ཆོག་ཞེས་བཀག་འགོག་བྱས་བའི་གནས་ཚུལ་བྱུང་ཡོད་ལ། ལ་དྭགས་སུ་གནས་སྡོད་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བྱང་ཐང་བཀག་གཞུང་ཕྱོགས་ཀྱི་འབྲོག་ས་རུ་ས་གནས་ཉེ་འཁོར་བྱང་ཐང་གཞན་གྱི་འབྲོག་པ་རྣམས་ཕྱི་ཟླ་༡པོའི་ནང་སྒོ་ཕྱུགས་འཚོ་བར་ཡོང་སྲོལ་ཡོད་པ་དང་། བཀག་གཞུང་འབྲོག་སར་བད་ལུང་དང་། སྨད་ལུང་། བྲག་ལུང་གསུམ་བཅས་གསུམ་ཡོད་པ་ནས་སྨད་ལུང་དེ་སྔོན་རྒྱ་དམག་གིས་བཙན་བཟུང་བྱས་ཟིན་ཡོད། ད་ཆ་རྒྱ་ནག་གི་དམག་གིས་བྲག་ལུང་དང་བད་ལུང་གཉིས་ལ་འགྲོ་མི་ཆོག་པ་དང་། སྒོ་ཕྱུགས་འཚོ་མི་ཆོག་པ་བཤད་ནས་བཀག་འགོག་བྱས་ཡོད་པ་བརྗོད་བྱུང་།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།