ལ་དྭགས་སུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་རྩེད་འགྲན་གནང་རྒྱུ་རེད།

2023.08.30
ལ་དྭགས་སུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་རྩེད་འགྲན་གནང་རྒྱུ་རེད། རྒྱ་གར་ལ་དྭགས་སུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་རྩེད་འགྲན་གནང་ཞུགས་མཁན་རུ་ཁག ༠༨།༣༠།༢༠༢༣
འཕྲིན་ལས་ཆོས་སྒྲོན། /RFA

ལ་དྭགས་ས་གནས་སུ་གནམ་གཤིས་ཕོར་པ་ཞེས་པའི་ནང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ། ལྡི་ལི་རྐང་སྤོལ་ཚོགས་པ་དང་ལ་དྭགས་ས་གནས་ཀྱི་རྐང་སྤོལ་རུ་ཁག་གཉིས་བཅས་ཕྱི་ཟླ་༩ ཚེས་༡ ནས་འགོ་འཛུགས་ཀྱི་ཚེས་༧བར་རྐང་སྤོལ་རྩེད་འགྲན་ཞིག་ཚོགས་རྒྱུ་ཡིན་པ་རེད་འདུག
དེ་ཡང་རྒྱ་གར་ལ་དྭགས་སུ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་རྩེད་འགྲན་ཞིག ལ་དྭགས་དབུས་གཞུང་ས་གནས་འཛིན་སྐྱོང་དང་། ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཟླ་༩བའི་ཚེས་༡ནས་འགོ་འཛུགས་ཀྱིས་ཚེས་༧བར་འགྲན་བསྡུར་གནང་གི་ཡོད་པ་དང་། དེ་ནི་དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཡང་ལ་དྭགས་ས་གནས་འཛིན་སྐྱོང་གིས་གནམ་གཤིས་འགྱུར་ལྡོག་ཐོག་ཕྱག་ལས་གནང་སྟངས་སོགས་གནམ་གཤིས་འགྱུར་ལྡོག་ཐད་གོ་རྟོགས་སྤེལ་ཕྱིར་ཡིན་པ་དང་། ལ་དྭགས་ས་གནས་དེ་གནམ་གཤིས་འགྱུར་ལྡོག་ཐོག་ཤུགས་རྐྱེན་ཕོག་ས་ཐོག་མའི་གྲས་ཆག་གི་ཡོད་དུས་ད་རེས་རྩེད་འགྲན་འདི་བརྒྱུད་གནམ་གཤིས་འགྱུར་ལྡོག་ཐད་རྒྱལ་སྤྱིའི་སྟེང་དམིགས་བསལ་དོ་སྣང་ཞིག་སླེབས་པའི་རེ་བ་བྱེད་བཞིན་པ། ལ་དྭགས་ས་གནས་འཛིན་སྐྱོང་རྩེད་རིགས་དྲུང་ཆེ་(IAS RAVINDER KUMAR)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་རེས་ལ་དྭགས་ས་གནས་སུ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་རྩེད་འགྲན་ནང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་། ལྡི་ལི་རྐང་སྤོལ་ཚོགས་པ། ལ་དྭགས་ས་གནས་ཀྱི་རྐང་སྤོལ་རུ་ཁག་གཉིས་བཅས་མཉམ་ཞུགས་གནང་གི་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རུ་དཔོན་པདྨ་ལྷུན་གྲུབ་ལགས་ཀྱིས། ད་རེས་རྐང་སྤོལ་རྩེད་འགྲན་འདི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་ཡིན་དུས། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ནང་ལ་ཡང་འཁྱགས་རོམ་ཞུ་བ་སོགས་གནམ་གཤིས་འགྱུར་ལྡོག་དཀའ་ངལ་ཡོད་པ་གོ་རྟོགས་སྤེལ་རྒྱུ་ཡིན་པ་གསུངས་བྱུང་།
ལོ་ལྟར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་རུ་ཁག་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མཉམ་ཞུགས་གནང་གི་ཡོད་པ་དང་། བསོད་ནམས་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་པདྨ་བཀྲིས་ལགས་ཀྱིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྩེད་འགྲན་པ་རྣམས་རང་གི་རྒྱལ་ཁབ་ཀྱི་སྐུ་ཚབ་བྱས་ནས་རྩེད་འགྲན་བྱེད་ཀྱི་ཡོད་དུས་ས་གནས་བོད་པ་རྣམས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་དགོས་གལ་ཆེ་བ་གསུངས་བྱུང་།
ད་རེས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྩེད་འགྲན་པ་གསུམ་སློབ་གྲྭའི་ངོས་ནས་དགོངས་པ་མ་ཐོབ་པའི་དཀའ་ངལ་འོག་མཉམ་ཞུགས་བྱེད་ཐུབ་མེད་པ་རུ་དཔོན་པདྨ་ལྷུན་གྲུབ་ལགས་ཀྱིས་གསུངས་བྱུང་།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎