མཚོ་སྔོན་མཚོ་བྱང་ཕྱོཊ་སུ་ཚད་རིམ་དྲུག་ཚེག་བཞིའི་ས་ཡོམ་རྒྱབ་པ།
2016.01.21
མཚོ་སྔོན་མཚོ་བྱང་ཕྱོགས་སུ་ས་ཡོམ་ཚད་རིམ་དྲུག་དང་ཚེག་བཞི་བྱས་པ་རྒྱབ་ནས་ཁང་པ་གཏོར་སྐྱོན་བྱུང་བ་མ་གཏོགས་མི་ཤི་རྨས་བྱུང་མི་འདུག
དེ་ཡང་ཁ་ས་ཚེས་༢༠་ཉིན། མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདའ་འམ་མིན་ཡོན་རྫོང་དུ། ས་ཡོམ་ཚད་རིམ་དྲུག་དང་གྲངས་ཆུང་བཞི་བྱས་པ་ཞིག་རྒྱབ་ཡོད་པ་དེའི་ས་ཡོམ་བྱུང་ཡུལ་གྱི་གཏིང་ཚད་སྤྱི་ལེ་བཅུ་ཡིན་པས་རྫོང་དེའི་ཁུལ་ལ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་ཡོད་པ་མ་ཟད། ས་ཁུལ་དེ་ནས་སྤྱི་ལེ་ ༡༡༠ ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་། ལན་ཀྲུའུ། ཀན་སུའུ་ཞིང་ཆེན་གྱི་ནང་དུའང་ས་ཡོམ་གྱི་འགུལ་ཤུགས་ཅུང་ཆེན་པོ་ཐེབས་ཡོད་པ་རེད།
མཚོ་སྔོན་གྱི་དྲ་གནས་ཐོག་གསལ་བར་བྱས་ན། ས་འགུལ་བྱུང་རྗེས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚོས་ཆེས་ཐོག་མའི་དུས་ཚོད་ནང་ཁ་པར་གྱི་ལམ་ནས་ས་འགུལ་བྱུང་སའི་གནས་ཚུལ་ལ་འདྲི་ཞིབ་བྱས་ཡོད་པ་དང་། ས་ཡོམ་བྱུང་ཡུལ་དུ་དུས་ཐོག་འཕྲལ་བསྟུན་གྲ་སྒྲིག་བྱས་ཏེ་རྫོང་སྲིད་གཞུང་དུ་ས་འགུལ་འཕྲལ་བསྟུན་བཀོད་འདོམས་ཁང་བཙུགས་པ། དེ་བཞིན་རྫོང་གི་རིམ་པ་སོ་སོའི་འགོ་ཁྲིད་དང་། སྤྱི་བདེ། དམངས་སྲིད། སྡོད་ཁང་འཛུགས་སྐྲུན། གློག་ཤུགས། འཕྲིན་སྐྱེལ་སོགས་སྡེ་ཁག་གི་འགན་ཁུར་མི་སྣ་དང་ལྷན་དུ་དུས་ཐོག་ཏུ་ཚོགས་འདུ་བསྐོང་སྟེ་མྱུར་སྐྱོབ་གྲ་སྒྲིག་བྱས་པ། དེ་བཞིན་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ། སྡེ་ཁག་བཅས་ཀྱི་མི་སྣ་འཕྲལ་མར་བསྡུ་རུབ་བྱས་ལུགས་སོགས་བཀོད་འདུག
གཞན་ཡང་མཚོ་སྔོན་ཞིང་ཆེན་ས་འགུལ་དྲ་རྒྱ་ལྟེ་གནས་ཀྱིས་ཚོད་ལེན་བྱས་པ་ལྟར་ན། སྤྱི་༢༠༡༦ལོའི་༡་ཚེས་༢༡་ཉིན་གྱི་ནམ་གུང་གི་ཚོུད་༣དང་སྐར་མ་༥༢་ཐོག་ཤུགས་ཚད་རིམ་པ་དྲུག་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་བའི་རྗེས་སུ། མིན་ཡོན་རྫོང་ལ་ས་འགུལ་ཆུང་ངུ་ཐེངས་༨༦་བྱུང་བ་དང་། དེའི་ནང་ཤུགས་ཆེ་ཤོས་རིམ་པ་གསུམ་དང་གྲངས་ཆུང་དགུ་བྱས་པ་ཞིག་རྒྱབ་ཡོད་འདུག
ད་ལྟའི་ཆར་ཞིབ་དཔྱད་བྱས་བ་ལྟར་ན། རྫོང་ཡོངས་ཀྱི་ཤང་དང་། གྲོང་རྡལ་ཁ་ཤས་སུ་ཁང་པ་གས་ཆག་ཤོར་བ་ཙམ་ལས་ཁང་པ་ཤུགས་ཆེན་བརྡིབས་པ་དང་། མི་ཤི་རྨས། རྒྱུ་ནོར་ལ་གྱོང་གུན་ཐེབས་པ་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་ལུགས་བཀོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།