མཚོ་སྔོན་ཕྱོགས་སུ་ཁྱིམ་ཐོ་ཞིབ་བཤེར་དང་ཕྱིར་སྡོད་བོད་མིའི་ཁྱིམ་ཐོ་མེད་པ་བཟོ་བཞིན་ཡོད་འདུག
2020.08.28
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ཁྱིམ་ཐོ་ཞིབ་བཤེར་དང་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་རྣམས་ཀྱི་ཁྱིམ་ཐོ་དང་ས་ཆའི་བདག་དབང་མེད་པར་བཟོ་བཞིན་ཡོད་འདུག
ཕྱི་ཟླ་ ༨ ཚེས་༢༤་ཉིན་ནས་འགོ་བཙུགས་ཀྱིས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་རྫོང་ཁག་མང་པོའི་ནང་། བོད་མི་ཚོའི་ཁྱིམ་ཐོ་དང་ས་ཆའི་བདག་དབང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། དེ་དང་མཉམ་དུ་ས་ཁུལ་དེ་ནས་ཡིན་པའི་བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་བཞིན་པ་རྣམས་ཀྱི་ཁྱིམ་ཐོ་དང་ས་ཆའི་བདག་དབང་རྣམས་རྒྱ་གཞུང་གིས་ཕྱིར་བསྡུ་བྱེད་བཞིན་ཡོད་པ་རེད་འདུག དེའི་སྐོར་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལ། རྒྱ་ནག་གཞུང་གིས་ཁྱིམ་ཐོ་ཞིབ་བཤེར་བྱེད་སྟངས་གཉིས་ཡོད་པ་ལས་གཅིག་ནི། ས་གནས་ཀྱི་ཁྱིམ་ཐོའི་ནང་ཡོད་པ་དང་། ས་ཆའི་ཐོབ་ཐང་ཡོད་པའི་བོད་མི་དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པ་རྣམས་རང་གི་ནང་མི་ཚོས་འབྲེལ་བ་བྱས་ནས། ཕྱིའི་རྒྱལ་ཁབ་ཁག་ཏུ་ཁོང་ཚོར་ཁྱིམ་ཐོ་ཡོད་མེད་རྩད་གཅོད་བྱེད་པ་དང་། གལ་ཏེ། ཕྱིའི་རྒྱལ་ཁག་ཏུ་ཁྱིམ་ཐོ་ཡོད་པ་ཡིན་ན། བོད་ནང་གི་ཁྱིམ་ཐོའི་ཁོངས་ནས་ཕྱིར་བཏོན་དང་མཉམ་ས་ཆའི་བདག་དབང་གཞུང་བཞེས་གཏོང་གི་ཡོད་འདུག ཡང་ཕྱི་རྒྱལ་ཁག་ཏུ་ཁྱིམ་ཐོ་མེད་པ་ཡིན་ན་མེད་པའི་དཔང་རྟགས་ཀྱི་ཡིག་ཆའི་ངོ་བཤུས་གཏོང་དགོས་པ་དང་། གལ་སྲིད། སྐྱབས་བཅོལ་ལག་དེབ་ཐོག་བསྡད་ཡོད་པ་ཡིན་ན་ལག་དེབ་ཀྱི་ངོ་བཤུས་གཏོང་དགོས་ཀྱི་ཡོད་པ་རེད་འདུག
གཉིས་པ་དེ་ནི། བོད་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་ན་ཡང་ས་གནས་མི་འདྲ་བ་ཁག་གཉིས་ཀྱི་ནང་ཁྱིམ་ཐོ་དང་ས་ཆའི་ཐོབ་ཐང་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་དེ་་ཡིན་ཞིང་། གལ་སྲིད། ས་གནས་ཁག་གཉིས་ཀྱི་ནང་ཁྱིམ་ཐོ་དང་ས་ཆའི་ཐོབ་ཐང་ལེན་གྱི་ཡོད་ཚེ་ས་གནས་གཞན་དེའི་ཁྱིམ་ཐོ་མེད་པ་བཟོས་ཏེ་ས་ཆ་གཞུང་བཞེས་གཏོང་གི་ཡོད་པ་གོང་ཞུས་གནས་ཚུལ་ཡོང་ཁུངས་དེས་འགྲེལ་བརྗོད་གནང་ཡོད་པ་རེད། ད་དུང་ཁོང་གིས། སྤྱིར་བཏང་རྒྱ་ནག་གཞུང་གིས་དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སོའི་ས་གནས་གཞུང་གིས་འབྲོག་སྡེ་ཁག་ནང་རྩྭ་སའི་སྐོར་གྱི་ཚོགས་འདུ་ཚོགས་ཏེ་རྩྭ་སའི་བདག་དབང་སྐོར་གྱི་ལམ་སྟོན་དང་། ས་འཛིན་ལག་དེབ་ཟེར་བ་ཤོག་གྲངས་༡༧་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་འདུག་པ་དང་། ཡིག་ཆ་དེ་གཞིར་བཟུང་མང་ཚོགས་ལ་ཡོད་པའི་ས་འཛིན་ལག་དེབ་དང་། རྩྭ་ས་རྣམས་གཞུང་གིས་ཕྱིར་བསྡུ་བྱ་རྒྱ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། རྒྱ་ནག་གཞུང་གིས་མང་ཚོགས་ཚོར་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཡིག་ཆའི་ཐོག་མོས་མཐུན་ཡོད་པའི་མིང་རྟགས་རྒྱབ་བཅུག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་རྒྱ་ནག་གཞུང་གིས་གསལ་བསྒྲགས་ལུང་འདྲེན་བྱེད་པའི་ནང་། རྒྱ་གཞུང་གི་འབྲོག་པ་རྣམས་ཀྱི་རྩྭ་ས་གཞུང་བཞེས་བཏང་པའི་རྗེས། འབྲོག་ལས་མཉམ་འབྲེལ་གྱི་ལམ་ལུགས་ལ་བསྒྱུར་རྒྱུ་དང་འབྲོག་པའི་ཁྱིམ་ཚང་སོ་སོའི་ཕྱུགས་ཟོག་གྲངས་མང་ཉུང་ལ་ལྟོས་མེད་ཀྱིས་ཚང་མ་འབྲོག་སྡེ་སྤྱིའི་མིང་ཐོག་ནས་གཞུང་གི་རྩྭ་སའི་ཐོག་མཉམ་དུ་འཚོ་སྐྱོང་བྱས་ཏེ་འབྲོག་པའི་ཕྱུགས་ཟོག་གི་ཐོན་རྫས་མར་དང་ཕྱུར་བ་སོགས་ཀྱང་བགོ་འགྲེམས་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་བརྗོད་ཀྱི་འདུག