བོད་ནང་ཆུ་ལོག་ས་རུད་སྐབས་རྒྱ་ནག་གཞུང་གིས་མྱུར་སྐྱོབ་རོགས་རམ་མི་བྱེད་པའི་དཀའ་ངལ་ཡོད་འདུག
2020.08.21
བོད་ནང་དབྱར་དུས་ཆུ་ལོག་རྒྱུག་པ་དང་ས་རུད་གོད་ཆགས་སྐབས་ས་གནས་རྒྱ་ནག་གཞུང་གིས་དུས་ཐོག་མྱུར་སྐྱོབ་རོགས་རམ་མི་བྱེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག
དབྱར་དུས་ཆར་ཞོད་ཀྱི་རྐྱེན་པས་ཉེ་བའི་སྤྱི་ཟླ་༨་པའི་ཟླ་འགོ་ནས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་ཁོངས་ཀྱི་ས་གནས་མང་པོར་ཆར་ཞོད་ཆེན་པོ་དང་། སེར་བ་བབས་ནས་ཆུ་ལོག་རྒྱུག་པ་དང་ས་ཉིལ་བྱུང་ནས་མང་ཚོགས་ཀྱི་ས་ཁང་དང་སྡོད་ཁྱིམ་མང་པོར་གནོད་པ་ཐེབས་ཡོད་ཀྱང་ས་གནས་རྒྱ་ནག་གཞུང་གིས་གནོད་ཐེབས་ཡུལ་མི་ཚོར་རོགས་རམ་སོགས་གང་ཡང་བྱས་མེད་པ་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་དང་འབྲེལ་བའི་བརྙན་ཐུང་ཞིག་ས་གནས་ནས་འབྱོར་བའི་ནང་། ཁྱིམ་ཚང་ཞིག་གི་ཁང་པ་ཆུ་ལོག་དང་ས་རུད་འོག་ཤོར་འདུག་ལ། བརྙན་ནང་ཡུལ་མི་ཞིག་གིས། ས་གནས་ཀྱི་སྲིད་གཞུང་། ད་ཁྱེད་ཚོ་ཡོང་རན་རེད། ངས་སྔོན་མ་ནས་ཁྱེད་ཚོར་ཞུས་ཡོད། ད་ནི་ངའི་ཁང་ཁྱིམ་ཡོད་ཚད་ཆུ་ལོག་ས་རུད་འོག་བསྣུབས་སོང་ཞེས་མྱུར་སྐྱོབ་རོགས་རམ་དགོས་པའི་རེ་འབོད་བྱེད་བཞིན་པ་ཡུལ་དངོས་ཀྱི་གནས་སྟངས་མཐོང་ཐུབ་ཀྱི་འདུག
དབྱིན་ཡུལ་དུ་ཡོད་པའི་བོད་རང་དབང་ཚོགས་པས། ད་རེས་བོད་ཁུལ་དུ་བྱུང་བའི་ཆུ་ལོག་དང་ས་རུད་ཀྱི་གོད་ཆག་གནས་སྟངས་ཁྲོད། རྒྱ་ནག་གཞུང་གི་མྱུར་སྐྱོབ་དང་རོགས་རམ་དུས་ཐོག་མ་འབྱོར་བ་ནི། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ཁུལ་དུ་རོགས་རམ་བྱེད་འདོད་མེད་པ་གསལ་བོ་ཡིན་པ་དང་། རང་བྱུང་གི་གོད་ཆག་དང་། ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་སོགས་ཀྱི་སྐབས་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་བཞིན་པའི་སྐྱོན་བརྗོད་དང་མཉམ། དེང་སྐབས་བོད་ནང་རང་བྱུང་གི་གོད་ཆག་མང་པོ་བྱུང་བཞིན་པ་ནི། རྒྱ་ནག་གཞུང་གིས་བོད་ནང་ཤིང་ནགས་གཅོད་འདྲེག་དང་། ཆུ་མཛོད་མང་པོ་རྒྱབ་པ། གཏེར་ཁ་ཚོད་མེད་སྔོག་འདོན་བྱས་ནས་རང་བྱུང་ཁོར་ཡུག་གཏོར་སྐྱོན་བཏང་བ་ལས་བྱུང་བ་ཡིན་པ་ཐེར་འདོན་བྱས་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་དེའི་ཐད་མང་ར་ཕྱོགས་ནས་ཡིན་པའི་བཙན་བྱོལ་བོད་མི་ཞིག་ལ་སྐད་ཆ་དྲིས་སྐབས། ཁོང་གིས་ད་རེས་ཀྱི་གནས་ཚུལ་དེ་ས་གནས་གང་དུ་ཡིན་ཁ་གསལ་ཤེས་རྟོགས་མ་བྱུང་ཡང་། མང་ར་ཕྱོགས་སུ་ལོ་ལྟར་ཆར་ཞོད་ཆེ་བའི་སྐབས་དེ་ཁུལ་བརྒྱུད་བཞིན་པའི་རྨ་ཆུ་རྒྱས་ནས་རྨ་ཆུའི་འགྲམ་བརྒྱུད་དུ་ཆགས་པའི་ཡུལ་མིའི་ཁྱིམ་ཚང་མང་པོ་ཞིག་ཉེན་ཁའི་གནས་སུ་ཡོད་པ་འགྲེལ་བརྗོད་གནང་བྱུང་།