རྒྱ་ནག་གི་སྲིད་འཛིན་མཚོ་སྔོན་དུ་བསྐྱོད་སྐབས་མངོན་གསལ་མེད་པའི་ཐོག་ནས་དམ་དྲག་བྱས་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཚོ་སྔོན་པོའི་རྐང་ཚ་རུ་རྟོག་ཞིབ་བྱས་བའི་སྔ་ནུབ་ཏུ་མི་མངོན་པའི་ལམ་ནས་ས་གནས་མང་ཚོགས་ཁྲོད་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཕྱོགས་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཐོན་ལ་ཡོད་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་ཁུལ་རྐང་ཚ་རྫོང་དུ་རྟོག་ཞིབ་ཏུ་བསྐྱོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ཟླ་༦་པའི་པའི་༧་ནས་ཚེས་༩་ཉིན་གྲངས་གསུམ་རིང་མཚོ་སྔོན་ཞིང་ཆེན་ནང་གཟིགས་སྐོར་གནང་བའི་སྐབས། ཟི་ལིང་གྲོང་ཁྱེར་དང་མཚོ་སྔོན་པོའི་རྐང་ཚ་རུ་རྟོག་ཞིབ་དང་། དེ་བཞིན་མཚོ་སྔོན་གྱི་ལས་དོན་འཛིན་སྐྱོང་ཐད་བོད་རང་སྐྱོང་ལྗོངས་དང་ཞིན་ཅང་ནས་མིག་དཔེར་འཛིན་དགོས་ཚུལ་བརྗོད་དེ་། ཞི་ཅིན་ཕིང་གིས་ས་གནས་དཔོན་རིགས་ཚོར་མུ་མཐུད་དུ་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་ཚུལ་ནན་བརྗོད་བྱས་ཡོད་པ་སོགས་བཀོད་འདུག
དེ་བཞིན་མདོ་སྨད་རྐང་ཚ་རྫོང་དུ་སོང་ནས་བོད་མི་ཚོར་གཏམ་བཤད་བྱས་སྐབས། ང་རང་རྐང་ཚ་དང་མཚོ་སྔོན་པོའི་མཚོ་ཁར་ལྟ་སྐོར་ལ་ཡོང་བ་དང་། ལྷག་པར་ང་ཚོའི་བོད་རིགས་སྤུན་ཟླའི་སྡེ་བར་ལྟ་སྐོར་ཐུབ་པར་ཧ་ཅང་དགའ་སྤྲོ་བྱུང་ཞེས་བརྗོད་དེ། མང་ཚོགས་དཀྱུས་མ་ཚོ་ལ་འདྲིས་པོ་ཡོད་པའི་རྣམ་འགྱུར་བསྟན་ཡོད། ཡིན་ནའང་འདི་ག་རླུང་འཕྲིན་ཁང་ལ་མཚོ་སྔོན་པོའི་ཕྱོགས་ཀྱི་མི་སྣ་ཞིག་གིས་བརྗོད་ན། ཞི་ཅིན་ཕིང་མ་སླེབས་པའི་སྔ་ནུབ་ཏུ་ས་ཁུལ་དེར་ཡར་མར་འགྲོ་བསྐྱོད་དམ་དྲག་དང་། སྐད་འཕྲིན་སོགས་བཀག་སྡོམ་དམ་དྲག་བྱས་ཡོད་ལ། དམ་དྲག་བྱེད་སྟངས་དེའང་ནམ་རྒྱུན་ལྟར་མ་ཡིན་པར་ཕྱི་ཚུལ་ནས་མངོན་གསལ་དོད་པོ་མེད་པའི་ཐོག་སྡེ་བ་སོ་སོའི་སྡེ་དཔོན་དང་ལས་བྱེད་སོགས་རྩ་འཛུགས་བྱས་ནས་དམ་དྲག་བྱས་ཡོད་པ་ངོ་སྤྲོད་གནང་བྱུང་།
ད་ཐེངས་ཞི་ཅིན་ཕིང་མཚོ་སྔོན་དུ་བསྐྱོད་པ་དེས་མཚོ་སྔོན་དེ་བོད་ཁུལ་གཞན་དག་དང་ཤིན་ཅང་དང་མཐའ་མཚམས་ཡིན་པའི་ཆ་ནས་པེ་ཅིན་ལ་ཆབ་སྲིད་ཐོག་གནད་འགག་ཆགས་ཡོད་པ་མ་ཟད་། མཚོ་སྔོན་ས་གནས་དཔོན་རིགས་ཚོས་བདེ་འཇགས་བཅོས་སྐྱོང་ཐབས་ཇུས་དང་ཉམས་མྱོང་དེ་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཤིན་ཅང་ནས་མིག་དཔེར་འཛིན་དགོས་ཚུལ་བརྗོད་དེ་གཅིག་ནས་མཚོ་སྔོན་གྱི་ས་གནས་དཔོན་རིགས་ཚོར་བསྟོད་བསྔགས་དང་གཉིས་ནས་བོད་དོན་བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་བཏོན་པའི་མཐའ་མཚམས་བརྟན་ལྷིང་ཟེར་བ་དེ་རྒྱུན་སྐྱོང་བྱེད་དགོས་ཚུལ་ནན་བརྗོད་བྱས་པར་བོད་རྒྱའི་སྲིད་དོན་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་བརྒྱད་པར་མཚོ་སྔོན་དུ་རྟོག་ཞིབ་ལ་ཕེབས་མྱོང་བ་དང་། སྐབས་དེར་ཟི་ལིང་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དམག་ཁུལ་ཞིག་དང་། མཚོ་ཤར་ཁུལ་གྱི་ཧོར་རིགས་གྲོང་ཚོ་ཞིག མཚོ་ནུབ་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་རི་བོའི་གྲོང་བརྡལ་གྱི་བོད་རིགས་གྲོང་སྡེ་ཞིག་བཅས་སུ་གཟིགས་སྐོར་གནང་ཡོད་པ་རེད།