བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གཞུང་གིས་དམ་དྲག་ཆེ་རུ་བཏང་ཡོད་འདུག
འདི་ལོའི་ཟླ་བ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་ས་ཁུལ་ཁག་ནང་དམིགས་བསལ་གྱི་དམ་དྲག་ཆེ་བ་ཡོད་པ་དང་། ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་ཆབ་སྲིད་ཁྲིམས་ལུགས་སློབ་གསོ་དང་དྲིལ་བསྒྲགས་ཟེར་བ་དེ་ལས་ཁུངས་དང་ཚན་པ་རེ་རེ། ས་གནས་སོ་སོའི་རྫོང་ཁག་རེ་རེ་བཞིན་ཚང་མའི་ནང་སྤེལ་བཞིན་ཡོད་པ་མ་ཟད། ཐེམ་ཐོ་ཞིབ་བཤེར་དང་ངན་སེལ་ནག་འཇོམས་ཟེར་བ་དེ་བས་ཛ་དྲག་ངང་སྤེལ་བཞིན་ཡོད་འདུག
ལྷག་པར་དུ་ཕྱི་ཟླ་༢ཚེས་༢༥ཉིན་ཕ་ཡུལ་ནག་ཆུ་ནས་ཡིན་པ་ལྷ་སར་གནས་སྡོད་གླུ་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕོ་བྲང་པོ་ཏཱ་ལའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་རྗེས། ལྷ་ས་ནས་ནག་ཆུར་སྐྱོད་སའི་ལམ་ཚང་མར་ཉེན་རྟོག་པས་ཕར་ཚུར་འགྲོ་མཁན་ཚོར་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། ཟླ་བ་གསུམ་པའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ཟླ་བ་ཟེར་བའི་ལས་འགུལ་ཞིག་འགོ་བཙུགས་ཏེ་ནག་ཆུའི་རྫོང་ཁག་རེ་རེའི་གྲོང་ཚོ་ཁག་གི་ནང་ཆབ་སྲིད་དང་ཁྲིམས་ལུགས་སློབ་གསོའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག དཔེར་ན། ཟླ་བ་འདིའི་ཚེས་༡༤དང་༡༥ཉིན་གཉིས་ནང་ནག་ཆུ་ལྷ་རི་རྫོང་དང་ཤན་རྩ་རྫོང་གཉིས་ནང་མང་ཚོགས་༡༡༠༠ལྷག་ཙམ་འདུ་འཛོམས་བྱེད་དུ་བཅུག་ཏེ་ཆབ་སྲིད་དང་ཁྲིམས་ལུགས་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་འབྲི་རུ་རྫོང་ལ་སོགས་པའི་ས་ཁུལ་གཞན་གྱི་ནང་ལ་ཡང་རྒྱ་ནག་གི་ཆབ་སྲིད་སློབ་གསོའི་ལས་འགུལ་གཅིག་མཚུངས་སྤེལ་ཡོད་འདུག ཆབ་སྲིད་དྲིལ་བསྒྲགས་སློབ་གསོ་དེ་དག་གི་ནང་དོན་ནི་རྒྱ་ནག་དམར་ཤོག་གཞུང་གིས་༼བྱེད་མི་ཆོག་པ་ཁག༽་གཏནའབེབས་བྱས་པ་དེ་དག་ལག་བསྟར་དོན་འཁྱོལ་དགོས་པ་ནན་བརྗོད་བྱེད་བཞིན་ཡོད་འདུག་ལ། ཡང་ནག་ཆུར་ཉེན་རྟོག་པས་མེ་གསོད་ཀྱི་ཐབས་ལམ་བརྒྱུད་སྤེལ་གྱི་སྦྱོར་བརྡར་བྱེད་བཞིན་པ་འདི་དག་ནི་ཉེ་ཆར་ལྷ་སར་ཐོན་པའི་རང་སྲེག་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་བསྐྱར་བཟློས་མི་ཡོང་བ་འགོག་ཐབས་ཆེད་ཡིན་པ་བོད་ནང་གི་བོད་མི་ཞིག་གིས་ངོས་འཛིན་གནང་གི་འདུག
ཕྱི་ཟླ་གསུམ་པ་ནི་རྒྱ་ནག་གཞུང་གིས་བོད་ནང་ཚོར་བ་རྣོ་བའི་ཟླ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་ལྟར། ལོ་སྔོན་མ་རྣམས་ལྟར་འདི་ལོ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཟླ་བ་འདིའི་ནང་དམ་དྲག་གི་རྣམ་པ་ཤུགས་ཆེ་རུ་བཏང་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།