ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་གི་ཟབ་སྦྱོང་།
2011.08.17
༄༅༎བཙན་བྱོལ་བོད་མིའི་སྐུ་ཚབ་ཀོ་རི་ཡའི་གལྦང་ཇུ་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་སློབ་གཉེར་ཁང་གི་ཟབ་སྦྱོང་ཞིག་ནང་མཉམ་ཞུགས་གནང་ཡོད་པ་རེད།
གལྦང་ཇུ་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་ཟབ་སྦྱོང་དེའི་ནང་དུ། བཙན་བྱོལ་བོད་མིའི་ཕྱི་འབྲེལ་ལས་ཁང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། ཡོ་རོབ། འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཞིབ་འཇུག་པ་མཚོ་མོ་ལགས་གཙོས་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་༡༣ ནས་སྐུ་ཞབས་༢༢ ལྷག་མཉམ་ཞུགས་གནང་ཡོད་ཅིང༌། འཐུས་མི་༢༢ དེ་དག་ནི་སྙན་ཞུ་ཕུལ་མཁན་ཁོངས་ནས་རྩེད་ཕུད་བྱས་ཏེ་བདམས་པ་ཞིག་ཡིན་པ་རེད། འགྲོ་བ་མིའི་ཐོབ་ཐང་སློབ་གཉེར་ཁང་དེ་ནི། དྲན་རྟེན་ཚོགས་པ་ཞིག་གིས་གོ་སྒྲིག་བྱས་པ་དང་དེའི་དམིགས་ཡུལ་ནི། ཨེ་ཤེ་ཡའི་མངའ་ཁུལ་དུ་དམངས་གཙོ་དར་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་སུ་དམིགས་པ་ཞིག་ཡིན་པ་རེད།
འགྲོ་བ་མིའི་ཐོབ་ཐང་སློབ་གཉེར་ཁང་དེའི་ཟབ་སྦྱོང་སྤྲོད་སྟངས་གཙོ་བོ་ནི། གོང་གསལ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་༡༣ ནས་ཕེབས་པའི་འཐུས་མི་ཚོར་སོ་སོའི་རྒྱལ་ཁབ་ནང་དུ་དམངས་གཙོ་ཇི་ལྟར་དར་འཕེལ་གཏོང་ཕྱོགས་དང༌། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ཇུས་ཐད་ལ་གཏམ་བཤད་དང་བགྲོ་གླེང་བྱ་རྒྱུའི་ལས་གཞི་ཞིག་ཡིན་ཞིང༌། བཙན་བྱོལ་བོད་མིའི་སྐུ་ཚབ་མཚོ་མོ་ལགས་ཀྱིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང༌། དེའི་ལས་དོན། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཐོག་ལ་ཕྱག་ལས་གནང་བཞིན་པའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་མ་ཟད། ལྷག་པར་དུ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་ཚུལ་འགྲེལ་བརྗོད་བྱས་པ་དང༌། འཐུས་མི་གཞན་ཚོའི་འདྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། ཟབ་སྦྱོང་གི་ལས་གཞི་དེ་ནི། ཕྱི་ཟླ་བརྒྱད་པའི་ཕྱི་ཚེས་༨ ནས་འགོ་བཙུགས་ཏེ་ཕྱི་ཚེས་༢༥ བར་གཟའ་འཁོར་གསུམ་རིང་མུ་མཐུད་གནང་རྒྱུ་དང༌། ཟབ་སྦྱོང་གི་དུས་ཡུན་དེའི་རིང་ལ། འཐུས་མི་རྣམས་ཀོ་རི་ཡའི་རྒྱལ་ས་སོའོལ་དང་གལྦང་ཇུ་གྲོང་ཁྱེར་ནང་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་མཁན་ཚོགས་པ་ཁག་ལ་འཚམས་འདྲི་ལྟ་སྐོར་དུ་ཁྲིད་རྒྱུ་ཡིན་པ་རེད།