ཨ་མི་རི་ཀའི་སྲིད་འཛིན་གྱིས་ཐེངས་དང་པོར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་ནང་འཚམས་གཟིགས་གནང་བཞིན་འདུག
འདི་ཚེས་༡༩གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་ནང་འཚམས་གཟིགས་ཆེད་ཕེབས་ཐོན་གནང་སྐབས། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་(Jake Sullivan)་ལགས་ཀྱིས་འབྱུང་འགྱུར་གྱི་བདུན་ཕྲག་འགའ་ཤས་ནང་ཚུད་ལ་ཨ་རིའི་སྲིད་འཛིན་སྦཡེ་ཌེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་བར་བཀའ་མོལ་ཡང་བསྐྱར་གནང་སྲིད། འོན་ཀྱང་དེ་ཧང་སང་དགོས་བ་ཞིག་མིན་ཅེས་གསུངས་འདུག
ཨ་རིའི་རྒྱལ་སྲུང་སློབ་སྟོན་པས་རེས་གཟའ་ལྷག་པའི་ཉིན་ཕྱི་སྲིད་སྲིད་ཇུས་ཐད་སྲིད་འཛིན་ཞི་ཅིང་ཕིང་ལ་སློབ་སྟོན་བྱེད་མཁན་(Yang Jiechi)་དང་བཀའ་མོལ་གནང་བ་དང་། སྐབས་དེར་ཁོང་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་དང་མེ་ཤུགས་
འཕུར་མདེལ་ཚོད་ལྟའི་བྱ་སྤྱོད་ཁག་ལ་སེམས་ཚབས་ཡོད་པ་ཁག་གསལ་སྟོན་དང་མཉམ་དེ་དག་ནི་རྒྱ་ནག་གི་ཁེ་ཕན་ཡིན་ལུགས་གསུངས་པ་མ་ཟད། ཐེ་ཝན་གྱི་གནད་དོན་གཙོིས་པའི་གནད་དོན་གཞན་ཁག་ཅིག་གི་སྐོར་ལ་ཡང་ཐད་ཀར་གསུངས་སྐོར་གསུངས་འདུག
ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་རེས་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་ནང་ཕེབས་འབྱོར་གྱིས་ཡུལ་དེའི་སྲིད་འཛིན་གསར་པ་(Yoon Suk-yeol)་དང་མཇལ་འཕྲད་གནང་སྐབས་བྱང་ཀོ་རི་ཡའི་གནད་དོན་སྐོར་བཀའ་བསྡུར་གཙོ་བོ་གནང་འཆར་འདུག
བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨུན་གྱིས་ཨ་རིའི་སྲིད་འཛིན་མཆོག་ལྷོ་ཀོ་རི་ཡའི་ནང་འཚམས་གཟིགས་གནང་སྐབས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་འགད་རྫས་ཚོད་ལྟ་བྱེད་སྲིད་པའི་གནས་ཚུལ་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།