ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་༢༠༢༤ལོའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་འདུག

2024.07.22
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་༢༠༢༤ལོའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་འདུག ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)གཉིས་ཕོ་བྲང་དཀར་པོའི་ནང་། ༠༥།༡༣།༢༠༢༡
AP

སྤྱི་ཟླ་༧པའི་ཚེས་༢༡རེས་གཟའ་ཉི་མའི་ཉིན། ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་སྤྱི་ལོ་༢༠༢༤་ལོའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྒྱུ་ཡིན་པ་ཡོངས་ཁྱབ་ཕྱག་བྲིས་ཞིག་ཁྱབ་སྤེལ་གནང་སྟེ་ཁོང་གིས་ཐག་གཅོད་འདི་བཞིན་གསལ་བསྒྲགས་གནང་ཡོད་པ་དང་། ཕྱག་བྲིས་དེའི་ནང་། ཁོང་གིས་ད་ལྟའི་སྲིད་འཛིན་གྱི་ཐུགས་འགན་བཞེས་ཐུབ་པ་དེ་ནི་ཁོང་གི་སྐུ་ཚེའི་ནང་ལས་དོན་རྩ་བ་ཆེ་ཤོས་ལ་ངོས་འཛིན་གནང་གི་ཡོད་པ་དང་། སླར་ཡང་ལོ་བཞིའི་རིང་མུ་མཐུད་ཨ་མི་རི་ཀའི་སྲིད་འཛིན་གནང་ཐུབ་རྒྱུར་སྲིད་འཛིན་འོས་བསྡུའི་ནང་འགྲན་ཞུགས་གནང་རྒྱུའི་འདུན་པ་ཡོད་ནའང་རྒྱལ་ཁབ་ཀྱི་རྩ་དོན་དང་། མང་གཙོ་ཚོགས་པའི་ཁེ་ཕན་གྱི་ཆེད་དུ་ད་རེས་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནང་འགྲན་ཞུགས་མི་དགོས་པར་ཕྱིར་འཐེན་གནང་རྒྱུར་ཐག་གཅོད་གནང་པ་ཡིན་ཞེས་བསྒྲགས་པ་དང་ཆབས་ཅིག ཁོང་གིས་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)་ལགས་སྲིད་འཛིན་གྱི་འོས་མིར་རྒྱབ་གཉེར་གནང་གི་ཡོད་ཅེས་གསུང་འདུག

གསལ་བསྒྲགས་དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་གཙོས་དམངས་གཙོ་ཚོགས་པའི་དབུ་ཁྲིད་མང་པོས་སྲིད་འཛིན་སྦཡེ་ཌེན་གྱི་བློ་སྟོབས་ཆེ་བའི་འདམ་ཀར་གུས་བརྩི་དང་། ཁོང་གིས་མི་ཚེ་ཧྲིལ་པོར་ཨ་རིའི་ཆབ་སྲིད་ལས་དོན་ཐད་ཀྱི་མཛད་རྗེས་ལ་བསྔགས་བརྗོད་གནང་འདུག དེ་བཞིན་དབྱིན་ཇི་དང་ཇར་མན་སོགས་འཛམ་གླིང་གི་དབུ་ཁྲིད་མང་པོས་ཁོང་ནི་འཛམ་གླིང་གི་སྲིད་དོན་གར་སྟེགས་སྟེང་ཤུགས་རྐྱེན་ཆེ་ཤོས་ཀྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་གནང་གི་འདུག
Kamala Harris and biden.jpg
ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་སྲིད་འཛིན་གཞོན་པ་ལྕམ་(Kamala Harris)གཉིས། པར། Reuters
སྐུ་ཞབས་(Joe Biden)་ཡིས་འདས་པའི་ལོ་གསུམ་དང་ཕྱེད་ཀའི་རིང་སྲིད་འཛིན་གྱི་ཐུགས་འགན་བཞེས་རྒྱུན་སྐབས། རྒྱལ་ཁབ་ཀྱི་ལས་དོན་མང་པོའི་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་པའི་ཕྱག་ལས་གནང་ཐུབ་པ་བྱུང་ཡོད་པའི་ཐོག བོད་ཀྱི་གནད་དོན་ཐད་འདི་ལོའི་ཕྱི་ཟླ་༧ཚེས་༡༢ཉིན་བོད་རྒྱའི་རྩོད་རྙོག་སེལ་རྒྱུར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་ཏེ་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཏུ་གྱུར་གནང་བ་སོགས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་ཐོན་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གཞོན་པ་(Kamala Harris)་ལ་མཚོན་ན། རྒྱ་ནག་ཐོག་ལ་ལྟ་ཚུལ་འཛིན་ཕྱོགས་ལ་དོ་ནན་གྱི་རྣམ་པ་ཐོན་པ་སྟེ། ཨ་རི་དང་ལྷོ་ཀོ་རི་ཡས་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་དགོས་པ་དང་། ལྷག་པར་དུ་རྩོད་རྙོག་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཁྱིམ་མཚེས་ཡུལ་གྲུ་ཆུང་ཆུང་ཚོར་ས་ཆའི་བདག་དབང་གི་ཐོག་ནས་རྙོག་གླེང་བཟོ་བཞིན་པའི་ཐད་ལ་ཁ་གཏད་བཅག་ཡོད་ཅིང་། ཨེ་ཤེ་ཡའི་ནང་རྒྱ་སྐྱེད་རིང་ལུགས་ཀྱི་བྱ་ཐབས་ལ་གདོང་ལེན་བྱེད་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་རེད། ཁོང་གིས་སྲིད་འཛིན་(Biden)་གྱི་ལངས་ཕྱོགས་དེ་མུ་མཐུད་རྒྱུན་འཛིན་གནང་རྒྱུ་དང་། དགོས་མཁོ་བྱུང་ན་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དང་དུས་མཚུངས་མཉམ་ལས་བྱེད་སའི་གནད་དོན་འཚོལ་ཞིབ་གནང་རྒྱུ་ཡིན་པའི་བསམ་ཚུལ་འཛིན་གྱི་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ལྕམ་(Kamala Harris)ཡིས་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་མངའ་ཁུལ་དུ་འབྲེལ་ལམ་གོང་མཐོར་གཏོང་རྒྱུར་དམིགས་ནས། དེ་སྔ་(Jakarta)་ནང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་མཐུན་ཚོགས་ཚོགས་ཆེན་ཐོག་སྲིད་འཛིན་སྦཡེ་ཌེན་མཆོག་གི་ཚབ་ཏུ་ཕེབས་པ་སོགས་ལས་དོན་དེ་འདྲའི་ཐོག་ནས་རྒྱ་ནག་ལ་གདོང་ལེན་བྱ་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཆེ་ཁག་ཁ་ཤས་སུ་ཕེབས་མྱོང་ཡོད་པ་རེད།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎