རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་གྱིས་ཐེ་ཝན་ལ་བཙན་འཛུལ་བྱེད་པའི་ནུས་བ་སྔར་བཞིན་མེད་པ་ཨ་རིའི་སྲིད་འཛིན་གྱིས་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་བློན་ལི་ཆང་(Li Qiang)་གཉིས་འདི་ཚེས་༡༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་(G20)་སྐབས་དང་བསྟུན་མཇལ་འཕྲད་གནང་ཡོད་པ་དང་། དེ་ནི་ཨ་རིའི་སྲིད་འཛིན་སྦཡེ་ཌེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཟླ་ངོ་བཅུ་ཙམ་གྱི་གོང་(Indonesia)་ནང་(G20)་ ཚོགས་འདུའི་སྐབས་མཇལ་མོལ་གནང་བའི་རྗེས་རྒྱ་ནག་གི་འགོ་ཁྲིད་ཞིག་དང་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་འདུག
ཨ་མི་རི་ཀའི་སྲིད་འཛིན་སྦཡེ་ཌེན་མཆོག་གིས་རེས་གཟའ་ཉི་མ་ཉིན་གསར་འགོད་པ་ཚོར། ངའི་ཕྱག་རོགས་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཁོང་གི་བློན་ཆེན་ལྷན་ཚོགས་ཀྱི་བློན་ཆེན་རྣམས་དང་མཇལ་འཕྲད་གནང་བཞིན་ཡོད། དེ་རིང་ངོས་རང་རྒྱ་ནག་གི་སྲིད་བློན་ལ་རྒྱ་གར་ནང་མཇལ་བ་ཡིན་ཞེས་དང་། ཡང་ཁོང་གིས་ང་ཚོ་གཉིས་ཀྱིས་བརྟན་བརླིང་སྐོར་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་སྐོར་གྲོས་མོལ་བྱས་པ་ཡིན། ཐུག་འཕྲད་སྐབས་གདོང་ཐུག་གདོང་ལེན་རིགས་རྩ་བ་ནས་བྱུང་མེད་ཅེས་གསུངས་འདུག
དེ་དང་མཉམ་སྲིད་འཛིན་སྦཡེ་ཌེན་མཆོག་གིས་དེང་སྐབས་རྒྱ་ནག་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་དང་། དེའི་དཔེ་མཚོན་དུ་རྒྱ་ནག་གི་ས་ཁང་ཚོང་ལས་མར་རྡིབ་པ་དང་། རྒྱ་ནག་ནང་གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་ཧ་ཅང་གི་ཆེན་པོ་ཡོད་པའི་སྐོར་སོགས་གསུངས་ཞོར་རྒྱ་ནག་གིས་ཐེ་ཝན་ནང་བཙན་འཛུལ་བྱེད་མི་སྲིད་པ་དང་། རྒྱ་ནག་གི་དཔལ་འབྱོར་གྱི་དཀའ་ངལ་དེས་ཐེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་ནུས་པ་ཡང་དེ་སྔོན་དང་འདྲ་བ་མེད་པའི་སྐོར་གསུངས་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།