ཨ་མི་རི་ཀས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་བར་བརྟེན་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་པ་བསྒྲགས་འདུག
རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཚོང་ཟོག་ནང་འདྲེན་གྱི་རིགས་ལ་སྒོ་ཁྲལ་སྤར་བ་དང་མཚུངས་སུ། ཨ་མི་རི་ཀ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཁྲིམས་གཏུག་དང་། ཨ་མི་རི་ཀའི་བཟོ་ཚོང་ཁང་བྱེ་བྲག་པ་ཁག་ཅིག་གི་ཕྱིར་ཚོང་ཐོག་བཀག་སྡོམ་ཀྱིས་ཡ་ལན་སློག་འདུག
དེ་ཡང་གནས་ཚུལ་ལྟར་ན། ཨ་མི་རི་ཀས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་སྤར་བར་རྒྱ་ནག་གཞུང་གིས་ཡ་ལན་སློག་ནས་ཨ་རིའི་ཕྱིར་ཚོང་ཚོང་ཟོག་ལ་སྒོ་ཁྲལ་གསར་པ་སྤར་བའི་གནས་ཚུལ་ཞིབ་ཕྲ་ཕྱི་ལ་བཀྲམས་པའི་ནང་། ཨ་མི་རི་ཀའི་བཟོ་ཚོང་ཁང་ཁག་ཅིག་ཁ་སྣོན་གྱིས་ཕྱིར་ཚོང་བཀག་སྡོམ་གྱི་ཐོ་གཞུང་ནང་བཅུག་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཚོང་ཟོག་བྱེ་བྲག་པ་རིགས་ཁག་ཅིག་གི་སྟེང་སྒོ་ཁྲལ་བརྒྱ་ཆ་ ༡༠ ནས་ ༡༥ བར་སྒོ་ཁྲལ་ཁ་སྣོན་བཀལ་ནས་ཡ་ལན་སློག་པ་དང་ཆབས་ཅིག འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་སྒོ་ཁྲལ་གྱི་གནད་དོན་སྐོར་ཁྲིམས་གཏུག་བྱ་འཆར་ཡོངས་བསྒྲགས་བྱས་འདུག
རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ནང་། སྒོ་ཁྲལ་བརྒྱ་ཆ་ ༡༥ འགེལ་ཡུལ་རྣམས་ནི། ཨ་མི་རི་ཀ་ནས་རྒྱ་ནག་ཏུ་ནང་འདྲེན་གྱི་བྱ་ཤའི་རིགས་དང་། སོ་ནམ་ཞིང་ལས་ཀྱི་ཐོན་རྫས་ཏེ་གྲོ་དང་མ་རྨོས་ལོ་ཏོག སྲིན་བལ་གྱི་རིགས་བཅས་ཡིན་པ་འཁོད་འདུག་ལ། སྒོ་ཁྲལ་བརྒྱ་ཆ་ ༡༠ སྤར་སའི་བཟའ་ཆས་རྣམས་ནི། ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་སྲན་མ་དང་ཕག་ཤ གླང་ཤ་དང་ཤིང་ཏོག་གི་རིགས། ཚོད་མ་སྣ་ཚོགས་དང་འོ་མའི་ཐོན་རྫས་བཅས་ཡིན་པ་གསལ་འདུག
ད་དུང་ཨ་མི་རི་ཀའི་བཟོ་ཚོང་ཁང་བཅོ་ལྔ་ཙམ་རྒྱ་ནག་གཞུང་གིས་ཕྱིར་ཚོང་སྟངས་འཛིན་གྱི་ཐོ་གཞུང་ནང་བཅུག་སྟེ། བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་བཟོ་ཚོང་ཁང་འགའ་ཚུད་པའི་བཟོ་ཚོང་ཁང་མང་དག་ཅིག་གིས། ཚོང་རྫས་མངགས་གཏོང་མ་བྱས་པའི་སྔོན་དུ་རྒྱ་ནག་གི་འབྲེལ་ཡོད་ལྷན་ཁང་ནས་ཆོག་མཆན་ཞུ་དགོས་པ་དང་། རྒྱ་ནག་གཞུང་གིས་བཀག་སྡོམ་སྟངས་འཛིན་དེ་རིགས་ཀྱིས། མི་སེར་དཀྱུས་མ་དང་དམག་དཔུང་གཉིས་ཀས་ཁྱད་མེད་དུ་བེད་སྤྱོད་གཏོང་བའི་ཅ་ལག་རྣམས་ཀྱང་ཚུད་འདུག
རྒྱ་ནག་གཞུང་གིས་ནང་འདྲེན་སྟངས་འཛིན་གྱི་དམིགས་འབེན་དུ་བཟུང་བའི་ཨ་རིའི་བཟོ་ཚོང་ཁང་གཙོ་ཆེ་བའི་གྲས་ནི། མཁའ་འགྲུལ་དང་ཆ་འཕྲིན་གྱི་འཕྲུལ་ལས། སྐྱེ་ཁམས་གསོ་རིག་བཅས་ཞིབ་འཇུག་གི་བཟོ་ཚོང་ཁང་གྲགས་ཅན་ (Leidos) ་དང་། ཨ་མི་རི་ཀའི་ནང་གི་རང་དབང་ལྡན་པའི་མཚོ་དམག་གི་ལས་གྲྭ་ཆེ་ཤོས་ (Gibbs & Cox) ་དང་། ཡང་(Group W) ་འབོད་པའི་རྒྱན་གོས་ངོམ་སྟོན་དབྱེ་ཞིབ་དང་ཞིབ་འཇུག་གི་ལས་གྲྭ བརྙན་མིག་གིས་བལྟ་ཞིབ་དང་འགྲོ་བསྐྱོད་ཚོད་འཛིན་སོགས་ལུས་ཀྱི་བདེ་སྲུང་དང་འབྲེལ་བའི་འཕྲུལ་ཆས་ཏེ། འཕྲུལ་མིའི་ལས་ཀ་དང་མཚོན་ཆ་ཡོད་མེད་སྔོག་བཤེར་བཅས་བྱེད་པའི་ཡོ་ཆས་རིགས་བཟོ་སྐྲུན་ལས་གྲྭ་ (IP Video Market Info) ་སོགས་ཆགས་ཡོད་པ་རེད།
གཞན་ཡང་མིས་བཟོས་རིག་ནུས་ཀྱི་བཟོ་ཚོང་ཁང་གཉིས་ཏེ་ (Shield Al) ་དང་། (Havoc AI) ་བཅས་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། མི་མེད་གནམ་གྲུ་བཟོ་སྐྲུན་ཁང་ (Skydio) ་དང་ (Red Six Solutions) ་སོགས་ཀྱང་སྟངས་འཛིན་གྱི་ཁོངས་སུ་ཚུད་འདུག་ཅིང་། ཕྱོགས་མཚུངས་བཅོས་མའི་འཁོར་སྐར་དང་སྐྱེ་ཁམས་འཕྲུལ་ལས་རིག་པ། རིག་རྫས་བརྟག་དཔྱད་ཀྱི་ཡོ་ཆས་བཟོ་ཚོང་ཁང་སོགས་མང་པོ་ཞིག་རྒྱ་ནག་གཞུང་གིས་དོགས་གཞི་བྱ་ཡུལ་དང་སྟངས་འཛིན་བྱ་དགོས་པའི་ཐོ་གཞུང་ནང་བཅུག་ཡོད་པ་འཁོད་འདུག་པ་ཟད། ཨ་མི་རི་ཀས་ཕྱོགས་གཅིག་ཁོ་ན་ལ་སྒོ་ཁྲལ་སྤར་བའི་བྱ་སྤྱོད་ནི། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཁྲིམས་དང་འགལ་ཚབས་ཆེན་པོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་མཉམ་རུབ་ཀྱི་རྨང་གཞི་ལ་གཏོར་བཤིག་གཏོང་གི་འདུག་ཅེས། རྒྱ་ནག་གཞུང་གི་འབྲེལ་ཡོད་ལྷན་ཁང་གི་མགྲིན་ཚབ་པས་དྲྭ་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད།།
དེའི་སྔོན་གྱི་འབྲེལ་ཡོད་གནས་ཚུལ།
གསར་འགོད་པ། བློ་བྷེ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།