རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་དམག་མི་དང་དམག་ཟུར་ཚོ་བསླུ་བྲིད་ཀྱིས་བེད་སྤྱོད་གཏོང་བཞིན་ཡོད་འདུག

དེ་ཡང་(NCSC)་ཞེས་པའི་ཨ་རིའི་རྒྱལ་ཁབ་གསང་བའི་ལས་ཁང་གི་སོ་ཉུལ་ལ་འགོག་རྒོལ་གྱི་བདེ་འཇགས་ལྟེ་གནས་ཁང་གིས། ཕྱི་ཟླ་དྲུག་པའི་ཚེས་༥ཉིན་ཨོསི་ཊརེ་ལི་ཡ་དང་། ཁེ་ཎ་ཌ། ནིའུ་ཛི་ལན་ཌི། དབྱིན་ཡུལ། ཨ་རི་བཅས་ལས་གྲུབ་པའི་(Five Eye)་ཞེས་བའི་མཉམ་ལས་མཐུན་ཕྱོགས་ཀྱིས་གནས་ཚུལ་བསྒྲགས་པའི་ནང་། རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་དམག་མི་དང་དམག་ཞབས་ཟུར་པ་ཚོ་བསླུ་ཐབས་བྱས་ནས་རྒྱ་ནག་རང་ཉིད་ཀྱི་དམག་དཔུང་ལ་སྦྱོང་བརྡར་སྤྲོད་འཇུག་གི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། དེའི་ནང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་གིས་རང་ཉིད་ཀྱི་དམག་དཔུང་ཁྲོད་མི་འདེངས་བ་རྣམས་སེལ་ཐུབ་པའི་ཆེད་ནུབ་ཕྱོགས་ཡུལ་གྲུ་ཁག་གི་དམག་དཔུང་གི་མི་སྣས་རྒྱ་ནག་གི་དམག་གི་གནམ་གྲུ་གཏོང་མཁན་ཚོར་སྦྱོང་བརྡར་སྤྲོད་འཇུག་གི་ཡོད་པ། རྒྱ་ནག་གིས་རྒྱལ་སྤྱི་གང་ས་ནས་སྒེར་གྱི་ཚོང་གཉེར་ཁང་ཚོས་གསང་བའི་ཐོག་ནས་བཅིངས་གྲོལ་དམག་དཔུང་དང་འབྲེལ་ལམ་བྱེད་དགོས་བ་བཟོས་ནས་བེད་སྤྱད་པ་མ་ཟད། ཁོང་ཚོར་གླ་ཆ་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད་འདུག
NCSC & its FVEY partners have issued a bulletin on evolving efforts by China’s military to recruit current & former Western service members to train their aviators. Learn about the recruitment pitches & web of private companies used in these schemes at: https://t.co/63C57MTkZQ pic.twitter.com/ToYfeh2Uml
— NCSC (@NCSCgov) June 5, 2024
ཨ་རིའི་རྒྱལ་ཁབ་གསང་བའི་ལས་ཁང་གི་སོ་ཉུལ་ལ་འགོག་རྒོལ་གྱི་བདེ་འཇགས་ལྟེ་གནས་ཁང་གི་འགན་འཛིན་(Michael C. Casey)་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོར་ཉེ་བའི་ཆར་སྤེལ་བའི་བྱ་སྤྱོད་ཁག་གིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད་ན་ཡང་། རྒྱ་ནག་བཅིངས་གྲོལ་དམག་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་མི་བསླུ་ཁྲིད་ཀྱི་ལས་དོན་མུ་མཐུད་དུ་རྒྱ་ཆེར་འགྲོ་བཞིན་པའི་སྐོར་དང་། (FVEY)་མཉམ་ལས་མཐུན་ཕྱོགས་ཀྱིས་ཕྱི་ཚེས་༥ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དེ་ཡང་ཕྱོགས་གཅིག་ནས་རྒྱ་ནག་གི་བྱ་སྤྱོད་དེའི་ཉེན་ཚབས་མུ་མཐུད་དུ་གནས་བཞིན་པ་གསལ་བཤད་དང་། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་རྒྱལ་ཁབ་གི་ལས་ཐོག་དམག་མི་དང་དམག་ཞབས་ཟུར་པ་ཚོས་དམག་རོགས་ཚོར་ཉེན་ཚབས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་རྒྱུར་འགོག་ཐབས་ཆེད་ཡིན་པའི་སྐོར་གསུངས་འདུག
མཉམ་འབྲེལ་གསལ་བསྒྲགས་དེའི་ནང་འབྲེལ་ཡོད་གནོད་ཚབས་ཀྱི་གནས་ཚུལ་དང་། ཤུགས་རྐྱེན་དེ་བཞིན་གནས་སྟངས་དེ་སེལ་ཐབས་སོགས་ཀྱི་སྐོར་བཀོད་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།