བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་གཞོན་སྐྱེས་ ༧༠༠ ཙམ་ལ་བོད་དོན་གོ་རྟོགས་སྤེལ་འདུག

དེ་ཡང་སྤྱི་ཟླ་༡༠ ཚེས་༢༡ ནས་༢༣ ཉིན་གྲངས་གསུམ་རིང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་རྟེན་གཞི་བྱས་པའི་མཐོ་སློབ་ཁག་གི་རྒྱ་གར་གཞོན་སྐྱེས་ཁྲོད། བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དང་། མཐོ་སློབ་དེ་དག་ནང་གཙོ་བོ་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དང་བོད་མཐོ་སྒང་ཁོར་ཡུག་གི་གལ་གནད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ་རེད། བོད་དོན་གོ་རྟོགས་སྤེལ་བའི་ལས་རིམ་དེ་བརྒྱུད། རྒྱ་གར་གྱི་མཐོ་སློབ་དེ་དག་ནང་། བོད་ཀྱི་ཆབ་སྲིད་གནས་སྟངས་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་གི་གལ་གནད་བཅས་ཀྱི་སྐོར་ལ་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད་པ་དང་། རྒྱ་གར་གྱི་སློབ་མ་རྣམས་ནས་མ་འོངས་བོད་དོན་ཐད་ཤེས་རྟོགས་ཐུབ་རྒྱུར་འདུན་པ་ཆེན་པོ་ཡོད་པ་གསལ་སྟོན་གནང་གི་འདུག་ཅེས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཉིན་གསུམ་རིང་བོད་དོན་གོ་རྟོགས་སྤེལ་བའི་ལས་རིམ་དེའི་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས་ཀྱང་། བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་གསུང་བཤད་གནང་ཡོད་ཅིང་། རྩ་བའི་རྒྱ་གར་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་མ་རྣམས་ནས་བོད་དོན་ཐད་ཧ་ཅང་དོ་སྣང་ཆེན་པོ་གནང་གི་ཡོད་པ་དང་། རྒྱ་གར་གྱི་སློབ་མ་མང་དག་ཅིག་གི་ཁྲོད་བོད་ཀྱི་གནད་དོན་ཐད་གོ་རྟོགས་ཅུང་ཞན་པོ་དང་ཕལ་ཆེ་བར་བོད་ཀྱི་གནད་དོན་དེ་བཞིན་ཐེངས་དང་པོ་གོ་ཐོས་དང་གནས་ཚུལ་གསར་པ་ཆགས་ཀྱི་ཡོད་ཀྱང་། བོད་དོན་གོ་རྟོགས་སྤེལ་བའི་ལས་རིམ་བརྒྱུད། ད་རེས་རྒྱ་གར་གྱི་གཞོན་སྐྱེས་སློབ་ཕྲུག་ཁྱོན་༧༠༠ ཙམ་ཞིག་ལ་བོད་ཀྱི་གནད་དོན་སོགས་ངོ་སྤྲོད་གང་ལེགས་གནང་ཐུབ་པ་བྱུང་ཡོད་ཅིང་། རྒྱ་གར་གྱི་གཞོན་སྐྱེས་ཕལ་མོ་ཆེས་ཚོགས་འདུའི་རྗེས་སུ་དྲི་བ་དྲིས་ལན་གནང་བ་སོགས་མུ་མཐུད་དུ་བོད་ཀྱི་གནད་དོན་ཐད་ཤེས་རྟོགས་ཐུབ་རྒྱུའི་འདུན་པ་ཡོད་པའི་རྣམ་པ་གསལ་སྟོན་ཤུགས་ཆེ་གནང་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།