འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་བོད་དོན་གོ་རྟོགས་སྤེལ་འདུག

2024.10.29
འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་བོད་དོན་གོ་རྟོགས་སྤེལ་འདུག འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་བོད་དོན་གོ་རྟོགས་སྤེལ་སྐབས།
India-Tibet Coordination Office, DIIR, CTA

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་བཞིན་པའི་ལས་འཆར་འོག ད་རེས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ནང་གི་ཆབ་སྲིད་མི་སྣ་དང་། ཤེས་ཡོན་ཅན། གསར་འགོད་པ། གློག་བརྙན་བཟོ་སྐྲུན་པ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་མང་ཚོགས་ལ་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། འཕགས་བོད་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས། ཐེངས་འདིར་སློབ་གྲྭ་ཁག་ནང་དང་། ཆེད་མཁས་པ་དག་ལ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་དེ་ཡག་པོ་བྱུང་བ་མ་ཟད། ཆེད་མཁས་པས་མུ་མཐུད་དུ་ལས་དོན་འདིའི་སྐོར་སྤེལ་དགོས་པའི་སྐུལ་མ་ཡང་གནང་སོང་བའི་སྐོར་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
བོད་ཀྱི་ཆེད་ཉིན་གཅིག་ཅེས་པའི་ལས་གཞིའི་འོག་མུམ་བྷེ་གསར་པའི་ནང་རྟེན་གཞི་བྱས་པའི་ཆ་ཏྲ་པ་ཏི་ཤི་བཱ་ཇཱི་འབྲིང་རིམ་སློབ་གྲྭའི་(Chhatrapati Shivaji High School)་ནང་བོད་དོན་རྒྱ་གར་ལ་གལ་ཆེ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་བོད་དང་རྒྱ་གར་དབར་གྱི་ཆོས་དང་། རིག་གཞུང་། ཆབ་སྲིད་ཀྱི་འབྲེལ་ལམ་སྐོར་དང་། ལྷག་པར་རྒྱ་གར་ལ་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད། བོད་དོན་ལ་རྒྱ་གར་གྱི་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད། གཏམ་བཤད་ལས་རིམ་སྐབས་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་རྒན་ལས་བྱེད་༧༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།
དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁང་ནས་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་དང་། འཁྲབ་སྟོན་པ། གློག་བརྙན་འགྲེམས་སྤེལ་པ་སོགས་དང་ཐུག་འཕྲད་གནང་སྟེ། རྒྱ་གར་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་བར་གློག་བརྙན་གྱི་བརྒྱུད་ལམ་གལ་ཆེ་ཡིན་པས། གློག་བརྙན་བརྒྱུད་བོད་དོན་སྟོན་ཐབས་གནང་རྒྱུའི་འབོད་སྐུལ་ཞུས་ཡོད། དེ་མ་ཟད་ཆབ་སྲིད་ཚོགས་པ་(Nationalist Congress Party)་ཡི་སྤྱི་ཁྱབ་དྲུང་ཆེ་སན་ཏོཤ་རོ་ཧི་ད་སི་ (Santosh Rohidas Gharat)་ལགས་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཝར་ཤ་ཨེག་ནཐ་ (Varsha Eknath Gaikwad)་ལགས་དང་མཇལ་འཕྲད་ཀྱིས་བོད་དོན་སྤྱི་དང་། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ཞུ་སྐུལ་གནང་བར་གསན་བཞེས་གནང་སྟེ། ཁོང་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཡོད། དེ་མཚུངས་སྐབས་དེར་མུམ་བྷེ་ནང་གི་བོད་མི་སུད་ཚོང་བ་རྣམས་ཀྱི་བདེ་སྡུག་ཞུ་འབོད་ཀྱིས་དེ་དོན་དཀའ་སེལ་ཡོང་བའི་འབོད་སྐུལ་ཀྱང་ཞུས་ཡོད་པ་རེད།

India Tibet Coordination Office Holds Tibet Awareness Program in Mumbai.jpeg
འཕགས་བོད་འབྲེལ་མཐུད་ལས་ཁང་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་བོད་དོན་གོ་རྟོགས་སྤེལ་སྐབས། CTA


སྤྱིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་དོན་ནི། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་ ༣༠༠ ལྷག་གི་ནང་ཚོགས་པ་ཡོད་པ་དང་། དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་དང་ད་ལྟའི་རྒྱ་ནག་གི་བཙན་འོག་ནས་ཐར་ཐབས་དང་། དེ་བཞིན་རྒྱ་གར་གྱི་བདེ་འཇགས་ལ་སོགས་པའི་གནད་དོན་ཐོག་ལས་འགུལ་སྤེལ་མུས་རེད། འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དེ་རེཤ་ཀུ་མར་(Indresh Kumar) ལགས་ཀྱིས་ད་ལྟའང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་རེད། ད་དུང་༡༩༩༩ ལོར་དབུ་བཙུགས་པའི་ཐོག་ནས་གནད་དོན་འདྲ་མིན་གྱི་ཐོག་ལས་འགུལ་སྤེལ་གནང་ཡོད་པ་རེད། དཔེར་ན་ཆ་བཞག་ན། ལོ་ལྟར་བོད་རང་བཙན་དང་འབྲེལ་བའི་གོམ་བགྲོད་(Tawang Yatra) སྲུང་བརྩི་གནང་གི་ཡོད་པ་དང་། རྒྱ་ནག་གི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་བྱ་རྒྱུ་མེད་པའི་ལས་འགུལ་སྤེལ་བ། ཕྱི་ལོ་ ༢༠༢༠ ལོ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དམིགས་བསལ་གྱི་འབྲེལ་བ་བྱས་ཏེ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་། ལྷག་པར་དུ་སྐུ་ལུས་མེར་སྲེག་གཏོང་མཁན་རྣམས་ལ་རྗེས་དྲན་ཞུ་རྒྱུའི་ཉིན་མོ་གཏན་འབེབས་བྱས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ཚོགས་པ་ཟུང་འབྲེལ་གྱི་ཐོག་ནས་དཔའ་བོ་དཔའ་མོའི་རྗེས་དྲན་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འཆར་གྱི་ནང་དུ་ལོ་འཁོར་གཅིག་གི་ནང་དུ་བོད་དོན་དང་འབྲེལ་བའི་ཞུ་གཏུག་གི་ལས་འགུལ་དང་སྐད་འབོད། དེ་བཞིན་གོམ་བགྲོད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་རེད།
ཚོགས་པ་འདི་ཕྱི་ལོ་༡༩༩༩ ལོར་བཞུགས་སྒར་དྷ་རམ་ས་ལར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་ཐོག་ལ་དབུ་འཛུགས་གནང་བའི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
ཚོགས་པ་དེས་ད་བར་རྒྱ་གར་དང་རྒྱལ་སྤྱིའི་སྟེང་བོད་དོན་དང་འབྲེལ་བའི་གླེང་མོལ་མཚོན་པའི་ཞི་བའི་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཡོད་པ་མ་ཟད། བོད་ལ་རང་དབང་ཐོབ་པ་དང་རྒྱ་གར་མདུན་སྐྱོད་དང་གོང་འཕེལ་སོགས་ལ་དམིགས་ཏེ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་མི་ཆོས་ལས་བརྒལ་བའི་རྒྱ་སྐྱེད་རིང་ལུགས་དང་སྲིད་ཇུས་སོགས་དག་ཐེར་འདོན་བྱས་དང་བྱེད་མུས་ཡིན་པ་རེད།
དེའི་སྔོན་སྤྱི་ཟླ་༡༠ ཚེས་༢༡ ནས་༢༣ ཉིན་གྲངས་གསུམ་རིང་། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་རྟེན་གཞི་བྱས་པའི་མཐོ་སློབ་ཁག་གི་རྒྱ་གར་གཞོན་སྐྱེས་ཁྲོད། བོད་དོན་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དང་། མཐོ་སློབ་དེ་དག་ནང་གཙོ་བོ་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དང་བོད་མཐོ་སྒང་ཁོར་ཡུག་གི་གལ་གནད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ་རེད། བོད་དོན་གོ་རྟོགས་སྤེལ་བའི་ལས་རིམ་དེ་བརྒྱུད། རྒྱ་གར་གྱི་མཐོ་སློབ་དེ་དག་ནང་། བོད་ཀྱི་ཆབ་སྲིད་གནས་སྟངས་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ཁོར་ཡུག་གི་གལ་གནད་བཅས་ཀྱི་སྐོར་ལ་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད་པ་དང་། རྒྱ་གར་གྱི་སློབ་མ་རྣམས་ནས་མ་འོངས་བོད་དོན་ཐད་ཤེས་རྟོགས་ཐུབ་རྒྱུར་འདུན་པ་ཆེན་པོ་ཡོད་པ་གསལ་སྟོན་གནང་གི་འདུག་ཅེས། ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎