འབར་གས་ཁྲོད་གོད་ཆག་བྱུང་བར་གུན་གསབ་དགོས་པའི་ངོ་རྒོལ།
2015.08.17
རྒྱ་ནག་ཐེན་ཅིན་གྱི་འབར་གས་ཁྲོད་ཉུང་མཐར་མི་གྲངས་༡༡༤ཤི་བ་དང་མང་པོ་རྨས་སྐྱོན་ཕོག་པ་དང་གར་སོང་ཆ་མེད་དུ་གྱུར་འདུག
དེ་ཡང་གཟའ་འཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་གྱི་རྡོ་སྣུམ་རྫས་སྦྱོར་གྱི་མེ་རྫས་དང་། རྫས་འགྱུར་གསོག་འཇོག་ཁང་ཡོད་ས་ཞིག་ཏུ་འབར་གས་ཤུགས་ཆེ་ཞིག་བྱུང་ནས། མི་མང་པོ་ཤི་བའི་གྲངས་འབོར་མི་གྲངས་༡༡༤་དང་། མི་གྲངས་༧༠༠་བསྐོར་ཞིག་ལ་རྨས་སྐྱོན། དེ་བཞིན་ད་དུང་མི་གྲངས་༧༠་ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་བ་ཡོད་པ་དང་། གོད་ཆག་ཕོག་མཁན་ཡུལ་མི་ཚོས་གཞུང་ལ་གུན་གཟབ་དགོས་པའི་དགོས་འདུན་བཏོན་བཞིན་པ་རེད། གནས་ཚུལ་དེའི་དོན་རྐྱེན་གྱི་ཐད་རྒྱ་ནག་གཞུང་གིས་ཞིབ་འཇུག་འཚོལ་བསྡུ་བྱེད་བཞིན་ཡོད་པ་རེད།
ཐེན་ཅིན་གྲོང་ཁྱེར་དེ་ནི་འཛམ་གླིང་ནང་མཚོ་ཁའི་འགྲིམ་འགྲུལ་བྱེད་ཡུལ་ཆེ་ཤོས་ཨང་༡༠་པའི་གྲས་ཤིག་ཡིན་པ་དང། སྐབས་དེར་མེ་རྫས་འབར་གས་ཤུགས་ཆེ་བྱུང་བའི་སྒྲ་སྐད་དེས་གྲོང་ཁྱེར་དེའི་ཐོག་བརྩེགས་ཅན་གྱི་ཁང་པ་མང་པོའི་ཤེལ་ཀོ་ཆག་ཡོད་པ་དང་། དེ་བཞིན་མེ་རྫས་གས་ཐོར་བྱུང་ནས་ཉེ་འཁོར་ས་གནས་སུ་མེ་སྐྱོན་རྒྱ་ཆེ་རུ་ཕྱིན་པ་སོགས་ཀྱི་གནས་ཚུལ་དེ་བྱུང་ཡོད་པ་རེད།
ད་ཆ་ཐེན་ཅིན་ས་གནས་གཞུང་གིས་ཆེད་ལས་པ་ཆེད་བརྫོངས་བྱས་ཏེ་འབར་གས་བྱུང་ཡུལ་དེར་ཞིབ་དཔྱོད་བྱས་སྐབས་དེ་ཁུལ་རྫས་སྦྱོར་མེ་རྫས་ལྗིད་ཚད་ཊོན་༧༠༠་གསོག་འཇོག་བྱས་ཏེ་བཞག་ཡོད་པའི་མེ་རྫས་ཀྱི་མཛོད་ཁང་དེར་འབར་གས་དེ་བྱུང་ཡོད་པའི་སྐོར་ཤེས་རྟོགས་བྱུང་ཡོད་པ་རེད།
མེ་སྐྱོན་ཤོར་སའི་ཉེ་ཁོར་གྱི་ཡུལ་མི་ལི་ཆའོ་སོགས་ཡུལ་མི་མང་པོས་འགྲེལ་བརྗོད་བྱས་པར། ང་ཚོས་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་བྱས་པའི་ངོ་བོ་ཞིག་མིན་པ། དེ་ནི་གཞུང་གིས་མི་དམངས་ཀྱི་བདེ་རྩའི་ཆེད་དུ་སྐབས་འཕྲལ་གྱི་གནས་ཚུལ་གསལ་བརྗོད་མེད་པའི་སྐོར། དེ་བཞིན་ཡུལ་མི་མང་པོ་ཞིག་གིས་ད་རེས་མེ་རྫས་གས་ཐོར་བྱུང་ནས་བྱེ་བྲག་ཡུལ་མིའི་སྡོད་ཁྱིམ་སོགས་གོད་ཆག་ཅི་ཆེ་བཟོས་ཡོད་པ་དེ་ཚོར་གཞུང་གིས་གུན་གསབ་སྤྲོད་དགོས་ལུགས་བརྗོད་ཀྱི་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།