རྒྱ་ནག་གིས་ནད་ཡམས་ཁྱབ་གདལ་གྱི་གོ་སྐབས་བཟུང་ནས་སྤྱོད་པ་ལོག་བཞིན་པར་ཨ་མི་རི་ཀས་སྐྱོན་བརྗོད།


2020.04.24
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས། ༢༠༢༠
AFP

འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་སྐབས་དང་བསྟུན་རྒྱ་ནག་གཞུང་གིས་གོ་སྐབས་བཟུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་འཛིན་ཐབས་ཀྱི་མངོན་འདོད་བྱེད་བཞིན་པར་ཨ་མ་རི་ཀས་སྐྱོན་བརྗོད་བྱས་འདུག
འཛམ་གླིང་གི་རྒྱལ་ཁབ་ཁག་གི་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཐད་བྲེལ་ཟིང་དང་དོ་སྣང་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་མངའ་ཐང་རྒྱ་བསྐྱེད་བྱ་རྒྱུར་གོ་སྐབས་ལེན་བཞིན་ཡོད་པར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ལགས་ཀྱིས་དྲ་ལམ་ནས་ཚོགས་པའི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་གྱི་ཚོགས་འདུའི་ཐོག་སྐྱོན་བརྗོད་གནང་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཨ་མི་རི་ཀའི་མཚོ་དམག་གི་རྟེན་གཞི་ཡོད་ལ། རྒྱ་ནག་གིས་བདག་དབང་ཡོད་ལུགས་བརྗོད་བཞིན་པའི་གླིང་ཕྲན་མང་པོ་ཞིག་ལ་ཝིཡེཏ་ནམ་དང་སྦུརུ་ནཱེ། མ་ལེ་ཤེ་ཡ། ཧྥི་ལི་པིནསི་དང་ཨིན་ཌོ་ནེ་ཤེ་ཡ་བཅས་ཀྱིས་ཀྱང་བདག་དབང་ཡོད་ལུགས་བརྗོད་བཞིན་ཡོད་པ་རེད། ཧྥི་ལི་པིནསི་ནི་རྒྱ་ནག་དང་འབྲེལ་ཐག་ཧ་ཅང་ཉེ་པོ་ཡོད་མཁན་གྱི་ཡུལ་གྲུ་ཞིག་ཡིན་ཡང་། ཉིན་ཤས་སྔོན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་རྒྱ་བསྐྱེད་ལ་དམིགས་པའི་ལས་འགུལ་སྤེལ་བར་སྐྱོན་བརྗོད་དང་རྒྱ་ནག་གཞུང་ལ་དེ་དོན་མཚམས་འཇོག་དགོས་ལུགས་ནན་བརྗོད་བྱས་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་ལགས་ཀྱིས། འཛམ་གླིང་ནང་ཚང་མས་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གི་གནད་དོན་ལ་གདོང་ལེན་བྱེད་བཞིན་པའི་གོ་སྐབས་བཟུང་ནས་རྒྱ་ནག་གིས་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་མངའ་དབང་གི་བདག་ཐོབ་གསལ་བསྒྲགས་བྱས་པ་མ་ཟད། ཟླ་བ་སྔོན་མར་ཝིཡེཏ་ནམ་གྱི་ཉྭ་པའི་གྲུ་གཟིངས་ཞིག་ལ་གཏོར་རྒོལ་བྱས་ཤིང་། གླིང་ཕྲན་མི་འདྲ་བ་གཉིས་ཀྱི་ནང་ཞིབ་འཇུག་གི་རྟེན་གཞི་བཙུགས་ཡོད་པ་གསུངས་ཡོད་པ་རེད་ལ། ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གཞུང་གིས་ཡུལ་གྲུ་གཞན་གྱི་བདག་ཐོབ་རྩོད་བཞིན་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གཞན་ཁག་གཅིག་གི་ནང་དམག་གྲུ་ཆེད་རྫོངས་ཀྱིས་རང་བྱུང་སོལ་རླངས་དང་རྡོ་སྣུམ་གྱི་གཏེར་ཁ་སྔོག་འདོན་གྱི་ལས་འགུལ་འགོ་འཛུགས་བྱེད་བཞིན་ཡོད་པ་ཡང་གསལ་བཏོན་གནང་ཡོད་པ་རེད།
དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་པོམ་པེའོ་ལགས་ཀྱིས། རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་སུ་ལ་ཡང་གོ་བསྡུར་ཙམ་མེད་པར་རྫ་ཆུའམ་མེ་ཀོང་གཙང་པོའི་ཐོག་ཆུ་རག་གི་ལས་འཆར་ཁག་གིས་གཙང་པོ་དེ་འབབ་ཡུལ་ལའོསི་དང་ཀམ་པོ་ཌི་ཡ། ཐཡེ་ལེནཌ་དང་ཝིཡེཏ་ནམ་བཅས་ཀྱི་མི་འབོར་ས་ཡ་མང་པོའི་འཚོ་གནས་ལ་དོ་ཕོག་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་ཀྱང་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎