ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ལུགས་སྲོལ་དང་བརྒལ་ནས་སྲིད་འཛིན་གྱི་གོ་གནས་ཐེངས་གསུམ་པ་བླངས་འདུག

ཞི་ཅིན་ཕིན་གྱིས་དེ་སྔའི་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་(Mao Zedong)་ནས་བྱུང་མྱོང་མེད་པ། རྒྱ་ནག་ནང་དབང་ཤུགས་ཆེས་ཆེ་ཤོས་ཡོང་ཐབས་ཀྱི་དབང་ཆ་འཛིན་བཞིན་ཡོད་པ་ལྟར། འདི་ཚེས་༡༠གཟའ་པ་སངས་ཉིན་དེ་སྔོན་གྱི་རྒྱ་ནག་ལ་ལུགས་སྲོལ་ཡོད་པ་དང་བརྒལ་ནས་མུ་མཐུད་དུ་ཐེངས་གསུམ་པའི་ལོ་ལྔའི་རིང་གི་རྒྱ་ནག་གི་སྲིད་འཛིན་གྱི་གོ་གནས་བླངས་ཡོད་པ་(Reuters)་གསར་སྤེལ་ཁང་སོགས་ཀྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་དེ་ནི་རྒྱལ་སྤྱིའི་འོས་བསྡུའི་སྒྲིག་གཞི་ལྟར་སོང་མེད་པ་སྔོན་ནས་ཐག་གཅོད་བྱས་ཟིན་པ། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཟེར་པའི་འཐུས་མི་ཧ་ལམ་གསུམ་སྟོང་ཙམ་གྱིས་ཚོགས་ཁང་ནང་འོས་མི་གཞན་གང་ཡང་མེད་པའི་གནས་སྟངས་འོག་ལོ་ན་༦༩སླེབས་ཟིན་པའི་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ལ་ཡང་བསྐྱར་འོས་འདེམས་བྱས་ཚུལ་བསྒྲགས་ཡོད་འདུག་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ནི་དབང་ཆ་མེད་པའི་འགྱིག་གི་ཐམ་ཀ་ཡིན་པར་ངོས་འཛིན་བྱེད་ཀི་ཡོད་པ་རེད།
འོས་བསྡུའི་བྱེད་སྒོ་དེ་ཆུ་ཚོད་གཅིག་རིང་སྤེལ་ཡོད་པ་དང་། འཕྲུལ་ཆས་བརྒྱུད་ནས་འོས་ཤོས་རྩིས་བརྒྱབ་པའི་ལས་དོན་དེ་ནི་སྐར་མ་༡༥ཡས་མས་ཀྱི་ནང་འགྲུབ་ཡོད་པ་རེད།
བྱེད་སྟངས་དེས་ཞི་ཅིན་ཕིན་དེ་སྔོན་སྤྱི་ལོ་༢༠༡༨ལོའི་ནང་སྲིད་འཛིན་གྱི་དུས་ཡུན་ཚད་བཀག་ཡོད་པའི་འོག་སྲིད་འཛིན་གྱི་འོས་བསྡུ་བྱས་པའི་སྐབས་ནས་བརྒལ་ཏེ། བསྐྱར་དུ་ཞི་ཅིན་ཕིན་གྱིས་སྲིད་འཛིན་གྱི་གོ་གནས་ཐེངས་གསུམ་བླངས་བ་ཡིན་པ་དང་། སྤྱིར་ཁོང་གི་དབང་ཆ་ན་ནིང་སྤྱི་ཟླ་༡༠བའི་ནང་ཁོང་བསྐྱར་དུ་དུས་ཡུན་ལོ་ལྔའི་རིང་ལ་རྒྱ་ནག་གུང་ཁྲན་ཏང་གི་དབུས་ཀྱི་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་ལ་གཏན་འཁེལ་པ་ནས་བཟུང་རྒྱ་བསྐྱེད་ཟིན་ཡོད་པ་རེད།
ད་རེས་ཀྱི་ཚོགས་ཆེན་དེ་བརྒྱུད་ཡང་ལོ་ན་༦༦་ཡིན་པའི་(Zhao Leji)་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་དང་། སྲིད་འཛིན་གཞོན་པར་ལོ་ན་༦༨་ཡིན་པའི་(Han Zheng)་བསྐོས་འདུག དེ་མིན་ཡང་(Wang Huning)་ཟེར་བ་དེ་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་བསྐོས་འདུག མི་གསུམ་པོ་དེ་དག་དེ་སྔོན་ཞེ་ཅིན་ཕིན་ཐེ་བའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་བདུན་ཡོད་པའི་ནང་ནས་ཡིན་པ་རེད།
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།