རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་དང་མཉམ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་སྐོར་གླེང་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བྱུང་།

2025.02.21
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་དང་མཉམ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་སྐོར་གླེང་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བྱུང་། བོད་ནང་གི་བཅའ་སྡོད་སློབ་གྲྭའི་དཀའ་ངལ་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཞིབ་དཔྱད་དགོས་པའི་སྙན་ཞུར་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ། ༢༠༢༥།༢།༢༡
སྒྲིག་བཟོ། /Actions.tibetnetwork.org

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཝོལ་ཀར་ཊྲུཀ་ (Volker Turk) ལགས་ཀྱིས་ད་ལྟའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་ས་ཡ་གཅིག་ཙམ་བཅའ་སྡོད་སློབ་གྲྭའི་ནང་འཇུག་བཞིན་པའི་གནད་དོན་ཐད་སེམས་ཚབས་ཡོད་པ་བརྗོད་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་༥༨་པ་དེ་བཞིན་སྤྱི་ཟླ་གཉིས་པའི་ཚེས་༢༤ ་ཉིན་ནས་འགོ་འཛུགས་གནང་རྒྱུ་ཡིན་དུས། འདི་ཚེས་༡༤ ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་དོན་ལས་འགུལ་ལྟེ་གནས་ཁང་། ཡོ་རོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལྔ་ཙམ་གྱིས་མཉམ་འབྲེལ་ཐོག་ནས་ཁོང་ལ་ཆེད་དུ་གནད་དོན་དེའི་ཐད་ནས་རྒྱ་ནག་ལ་ཡོངས་གྲགས་སྐྱོན་བརྗོད་གནང་དགོས་པའི་རེ་སྐུལ་ཡིག་འཕྲིན་ཞིག་ཕུལ་ཟིན་པ་དང་། ཡིག་ཆ་དེར་མི་གྲངས་གསུམ་འབུམ་གསུམ་ཁྲི་ལྷག་གིས་ས་རྟགས་བཀོད་ཟིན་པའི་ཐོག་བོད་མི་གཙོས་པའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་༡༤༠ ་ཙམ་གྱི་རྒྱབ་སྐྱོར་མཚན་རྟགས་བཀོད་པ་ལས་འགུལ་དེའི་འགན་ཁུར་མཁན་གཙོ་བོ་གྲས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ (International Tibet Network) ་གི་ལས་འགུལ་འབྲེལ་མཐུད་པ་ར་ཤེ་ཇོའུ་རེ་ (Rashi Jauhri) ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་འདྲི་རྩད་བྱས་སྐབས་མགྲིན་ཚབ་པ་ཇེས་རེ་མི་ལོའུ་རེན་སུ་ (Jeremy Laurence) ་ལགས་ཀྱིས་ཡིག་ཐོག་ནས་ལན་འདེབས་གསལ་བཤད་གནང་པའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གིས་བཀོད་བསྒྲིགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཙན་ཤེད་ཀྱིས་འཇུག་བཞིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་གཏོང་དགོས་པའི་གནད་དོན་དང་འབྲེལ་ནས་རྒྱ་ནག་དང་མཉམ་དུ་འབྲེལ་བ་མུ་མཐུད་གནང་རྒྱུ་ཡིན་ཞེས་བསྐྱར་ནན་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་བྱུང་ལ། དེའི་ནང་རྩོད་གླེང་ཅན་གྱི་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་འོག་བོད་ཕྲུག་བྱིས་པ་ས་ཡ་གཅིག་ཙམ་བཅུག་སྟེ་རང་གི་ཕ་མ་ནང་མི་དང་ཁ་བྲལ་དུ་བཏང་ཡོད་པ་གླེང་བཞིན་པ་དེ་ཚུད་ཡོད་པ་རེད། ཁོང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ཁག་གིས་ཡོངས་གྲགས་སྙན་ཐོ་ཁག་དང་བརྡ་འཕྲིན་མང་པོའི་ནང་གླེང་སློང་བྱས་ཡོད་ལ། དེའི་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་ཚོགས་ཆུང་ (CESCR) ་གིས་ཕྱི་ལོ་༢༠༢༣ ཟླ་༢ པར་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གི་སྲིད་བྱུས་དེས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། བོད་མིའི་ངོ་བོ་བཅས་ལ་ཤུགས་རྐྱེན་ཐེབས་པར་སེམས་ཚབས་ཡོད་པ་གསུངས་ཡོད་པ་དེ་ཡང་བཀོད་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་རིམ་འགན་འཁུར་བ་ཚོས་༢༠༢༣ ལོར་མཉམ་འབྲེལ་གྱི་བརྡ་འཕྲིན་ཞིག་སྤེལ་བའི་ནང་། བཅའ་སྡོད་སློབ་གྲྭ་དེ་དག་ནི་རིག་གཞུང་རྩ་མེད་བཟོ་བའི་ལས་འགུལ་རྒྱ་ཆེན་པོ་ཞིག་གི་ཆ་ཤས་ཡིན་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།
ད་དུང་མགྲིན་ཚབ་པ་ཇེས་རེ་མི་ལོའུ་རེན་སུ་ (Jeremy Laurence) ་ལགས་ཀྱིས་གསལ་བཤད་གནང་པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནས་ཆོས་ལུགས་དང་གྲངས་ཉུང་མི་རིགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་ཅིག་གི་ཐད་རྒྱ་ནག་གཞུང་དང་མཉམ་བགྲོ་གླེང་ཞིབ་རྒྱས་བྱས་ཡོད་པ་ར་སྤྲོད་གནང་འདུག་ལ། ཕྱི་ལོ་ ༢༠༢༢ ཟླ་༥ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་ (Michelle Bachelet) ་ཡིས་རྒྱ་ནག་ཏུ་འཚམས་གཟིགས་གནང་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་སྲིད་བྱུས་ཐོག་དམིགས་བསལ་ཐུགས་ཚབས་ཡོད་པ་བསྟན་གནང་ཡོད་པ་དང་། ལྷག་པར་དུ་ཕྲུ་གུ་ཚོས་རང་གི་སྐད་དང་རིག་གཞུང་གི་ཁོར་ཡུག་ནང་སློབ་སྦྱོང་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།
ལན་འདེབས་དེའི་ནང་ད་དུང་། རྒྱ་ནག་གཞུང་གིས་གཉེར་བའི་བཅའ་སྡོད་སློབ་གྲྭ་ཁག་གི་གནད་དོན་ཐད་འཕྲལ་དུ་རང་དབང་ཅན་གྱི་ཞིབ་འཇུག་བྱ་རྒྱུའི་འཆར་གཞི་ངེས་ཅན་ཞིག་གསལ་སྟོན་གནང་མེད་ཀྱང་། གནད་དོན་དེའི་ཐད་དྲྭ་ལམ་བརྒྱུད་མཚན་རྟགས་བསྡུ་འགོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ད་ལྟ་བར་མཚན་རྟགས་བསྐྱོན་མཁན་འབུམ་གསུམ་དང་ཁྲི་གསུམ་ལྷག་བརྒལ་ཟིན་ཡོད་པ་དང་། མི་གྲངས་འབུམ་༥ཡི་ས་ནས་མཚན་རྟགས་བསྡུ་རུབ་གནང་ཐུབ་པའི་དམིགས་ཚད་བཟུང་ཡོད་པ་རེད།
གོང་བརྗོད་བོད་དོན་ལས་འགུལ་ཚོགས་པ་ཁག་གིས་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་བཏང་ནས་བཙན་ཤེད་ཀྱིས་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་བཅུག་པའི་འོག སོ་སོའི་མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས། གོམས་གཤིས་སོགས་སྦྱང་པའི་གོ་སྐབས་མེད་པ་བཟོས་པ་མ་ཟད། ཉིན་དང་མཚན་མེད་པར་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་སློབ་གསོ་སྤྲོད་ཀྱི་ཡོད། རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མི་རིགས་ཐོག་ལ་གདུག་རྩུབ་དང་གཉའ་གནོན་གཏོང་བཞིན་ཡོད་པ་དེ་ད་ཆ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ (Xi Jinping) ་གྱིས། བོད་མིའི་སྐད་ཡིག་དང་ངོ་བོ་རྩ་མེད་བཟོ་རྒྱུའི་འཆར་གཞི་ཆེན་པོའི་དེའི་ཆ་ཤས་སུ་བོད་ཕྲུག་རྣམས་ཀྱི་ཐོག་ལ་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དེར་གདོང་ལེན་གྱི་བྱ་ཐབས་སྤེལ་དགོས་པ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་ཕྲུག་རྣམས་ཀྱི་ཆེད་དུ་བཙུགས་པའི་བཅའ་སྡོད་སློབ་གྲྭར་དོ་སྣང་མེད་པར་མ་བཞུགས་པར་ངེས་པར་དུ་ཞིབ་དཔྱད་གནང་རོགས་ཅེས་འབོད་སྐུལ་གནང་འདུག


གསར་འགོད་པ། མཁའ་འགྲོ་གཡང་འཛོམས། ཆོས་སྐྱིད། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎