འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ་འཁོར་ལོ་གསུམ་ཅན་གྱི་གཟེངས་རྟགས།
2019.01.12

༄༅། །ཕྱི་ཟླ་ ༡ ཚེས་ ༡༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་དང་མཇལ་འཕྲད་གནང་ཡོད་པ་རེད།
སྐབས་དེར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་གཙོ་བོ་དེ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནད་དོན་ཐོག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་ཀྱང་ཁོང་བོད་མི་ཤིག་ཡིན་པའི་གནས་སྟངས་ཀྱི་དབང་གིས་དམིགས་བསལ་གྱི་ལས་འགན་ཞིག་འཁྲིས་ཡོད་པར་བརྟེན་གོ་སྐབས་ནམ་བྱུང་དང་། གོ་སྐབས་གསར་པ་ཐོབ་ཚད་ལ་བོད་པའི་གནད་དོན་དེ་གང་ཐུབ་ཕྱག་ལས་གནང་ཐབས་གནང་གི་ཡོད་པའི་སྐོར་དང་། གཞི་རྩའི་ཁོང་གི་ཕྱག་ལས་དེ་ནི་དང་བླངས་ཤིག་ཡིན་པ་དང་། འོན་ཀྱང་སྡིངས་ཆ་ཆེན་པོ་ཞིག་དང་། མཚན་གནས་མཐོ་པོ་ཞིག་ཡིན་ཞིང་། དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་བོད་པའི་ཐོག་ལ་སྐད་ཆ་ཚིག་གཅིག་གཉིས་གསུངས་པ་ཡིན་ནའང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོའི་བཀའ་མོལ་ཡིན་པར་དོ་སྣང་གིས་གཡོ་འགུལ་ཐེབས་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ད་དུང་ཁོང་གིས་གནད་དོན་ཁག་ཅིག་ནི་ཁོང་ཚོར་བསམ་བློའི་རང་དབང་མེད་པའི་བཙོན་པ་ཞེས་པའི་ལས་གཞི་ཞིག་ཡོད་པ་དང་། དེའི་ནང་འགན་འཛིན་མི་རེ་ངོ་རེས་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་བམ་བློ་འཚབ་ཅན་གྱི་རྒྱལ་ཁབ་ནང་ནས་བསམ་བློའི་རང་དབང་མེད་པའི་བཙོན་པ་གཅིག་སོ་སོས་དམིགས་བཀར་བདག་སྐྱོང་ཞུ་སྲོལ་ཡོད་ཅིང་། བོད་ནང་དེ་འདྲ་མང་པོ་ཡོད་ཀྱང་དེ་ཚོའི་ནང་ནས་གནད་འགག་ཆེ་ཤོས་དེ་པཎ་ཆེན་དགེ་
འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཡིན་པར་བརྟེན་ནས། ཁོང་གིས་དམིགས་བསལ་གྱི་དོ་སྣང་དང་བདག་པོ་རྒྱབ་ནས་དེའི་ཐོག་ལ་ལས་འགུལ་ཤུགས་ཆེན་པོ་སྤེལ་བའི་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།
དེ་རྗེས་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་མཆོག་ལ་རྡ་ས་རིག་ལམ་སློབ་གཉེར་ཁང་དང་། ས་ར་བོད་ཀྱི་མཐོ་སློབ་ཁང་གཉིས་ཀྱི་འཁོར་ལོ་གསུམ་ཅན་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་གཟེངས་རྟགས་ཕུལ་ཞིང་། ཤེས་རིག་བཀའ་བློན་མཆོག་གིས་བསྟན་འཛིན་རྡོ་རྗེ་ལགས་དང་Stella ཞུ་བ་གཉིས་ཀྱིས་བརྩམས་པའི་སྣ་མང་རིག་གཞུང་དབར་གྱི་འབྲེལ་ལམ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད་པ་རེད། འཁོར་གསུམ་ཅན་གྱི་གཟེངས་རྟགས་ཀྱི་ནང་དོན་ནི། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང༌། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་བཅས་གསུམ་གྱི་མཚོན་དོན་ཡིན་པ་རེད།།
གསར་འགོད་པ་གཡུ་སྒྲོན།