ཌན་མར་ཀི་རང་དབང་ལྡན་པའི་ཞིབ་འཇུག་ཐེབས་རྩ་དེ་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་ཅི་ཡང་མེད་པ་གསལ་འདེབས་གནང་སོང་།

2023.03.16
ཌན་མར་ཀི་རང་དབང་ལྡན་པའི་ཞིབ་འཇུག་ཐེབས་རྩ་དེ་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་ཅི་ཡང་མེད་པ་གསལ་འདེབས་གནང་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས། ༠༣།༡༥།༢༠༢༣
CTA

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ། སྤྱི་ཟླ་༣པའི་ཚེས་༡༥ཉིན་ནས་འགོ་འཛུགས་ཀྱིས་སྤྱི་ཚེས་༡༦ཉིན་གྱི་གྲོས་ཚོགས་ལས་རིམ་དུ། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་སྐབས། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས། ཌན་མར་ཀི་(Denmark)་རྒྱལ་ཁབ་ཀྱི་དགེ་རྒན་ཆེན་མོ་ཞིག་དང་གཞན་དག་ཁག་ཅིག་སོགས་ནས། སྤྱི་ལོ་༢༠༢༣ནས་༢༦བར་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་ལ་ལས་འཆར་ཅིག་བསྒྲིགས་ཏེ། ཡོང་འབབ་ལ་ཌན་མར་ཀི་རྒྱལ་ཁབ་ཀྱི་སྒོར་མོ་འབུམ་བདུན་དང་ཆིག་ཁྲི་བརྒྱད་སྟོང་དང་། ཨ་སྒོར་འབུམ་གཅིག་དང་ཉིས་ཁྲི་རག་ཚར་པའི་གནས་སྟངས་ཀྱི་ཐད་འཛིན་སྐྱོང་ལ་དྲི་བ་བཏང་བ་དང་། ད་དུང་བཀའ་ཟུར་ཁག་ཅིག་གིས་ཀྱང་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་སྙན་ཞུ་བསྡུ་རུབ་བྱེད་བཞིན་པ་སོགས་ཀྱི་ཐད། དེ་འདྲ་བྱས་པ་ཡིན་ན། ཕྱི་ཆར་པའི་ཆར་ཐག་ཆོད་ཀྱང་ནང་ཐིགས་པའི་ཐིགས་ཐག་མི་ཆོད་པའི་དཔེ་ལྟར་ཡིན་པས། ང་ཚོ་བཙན་བྱོལ་གྱིས་ད་ལྟ་ནས་གྲ་སྒྲིག་གིས་རིས་སུ་མ་ཆད་པའི་བླ་ཆེན་ཆ་ཚང་འཛོམས་པའི་ཚོགས་ཆུང་ཞིག་གི་ཐོག་ནས། ཆོས་ཕྱོགས་ལ་ལག་པ་འཆང་བ་ཡིན་ན་རྒྱ་ནག་གཞུང་ལ་བརྡ་ལན་དང་འཛམ་བུ་གླིང་གི་ཐོག་ལག་པ་འཆང་ཐུབ་པ་དང་། ང་ཚོས་༢༠༡༩ལོར་གྲོས་ཆོད་བཞག་པའི་སྐབས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་དེ་དགའ་ལྡན་ཕོ་བྲང་ལས་གཞན་དག་སུ་གཅིག་ལ་ཐེ་ཇུས་མེད་ཅེས་གསུང་ཡོད་པ་སོགས་གསལ་སྟོན་གནང་ཡོད་ཅིང་། དེ་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལན་འདེབས་གནང་སྐབས། ཌན་མར་ཀི་རྒྱལ་ཁབ་ཀྱི་རང་དབང་ལྡན་པའི་ཞིབ་འཇུག་ཐེབས་རྩ་(Independent Research Fund Denmark)་ཟེར་བ་དེས། ༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐད་རྟོག་ཞིབ་བྱེད་བཞིན་པ་དེ་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་འབྲེལ་བ་ཅི་ཡང་མེད་པ་གསལ་བོ་བཟོས་གནང་སོང་།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། དེ་སྔོན་ཚོགས་པ་དེ་འདྲ་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་གཞིས་ཆགས་སུ་ཡོང་སྟེ། བོད་པ་དང་རྒྱ་གར་ཡུལ་མིའི་བར་དཀྲུག་ཤིང་བཟོ་གཞིའི་ཉམས་ཞིབ་དེ་འདྲ་བྱས་པའི་གནས་ཚུལ་ཀྱང་གོ་སོང་བས། ཕྱིས་འབྱུང་དེ་རིགས་ཀྱི་རྒྱབ་ལྗོངས་དང་ཀུན་སློང་ལ་རྩད་གཅོད་བྱ་དགོས་པ་ས་གནས་འགོ་འཛིན་ཚོར་མངགས་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༣དང་༢༤ལོའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཡིན་པ་དང་། བོད་མི་མང་སྤྱི་ལྷན་གྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་ལྟར་ན། རྩིས་ལོ་༢༠༢༣དང་༢༤ལོའི་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ། དམིགས་བཀར་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ། ཧིན་སྒོར་ས་ཡ་༣༠༣༤་༠༡འཆར་འབུལ་གནང་བ་དེ། རྩིས་ལོ་༢༠༢༢དང་༢༣ལོའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཧིན་སྒོར་ས་ཡ་༢༥༤༢་༢༡ལས་སྒོར་ས་ཡ་༤༩༡་༨༠དང་། བརྒྱ་ཆ་༡༩་༣༥མང་བའི་གནས་སྟངས་ཆགས་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎