བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ཐབས་བྱུས་འཆར་གཞིའི་ཡིག་ཆ་ཞིག་གཏན་འབེབས་གནང་འདུག

ཉེ་བའི་ཆར་སྤྱི་ཟླ་༨པའི་ཚེས་༧ནས་༡༡བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་བོད་དོན་ཞུ་སྐུལ་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་བསྐོངས་ཏེ། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་བློ་འདོན་པ། རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་ཆེད་མཁས་མི་སྣ་སོགས་གདན་ཞུས་ཀྱིས། བོད་དོན་གོ་རྟོགས་སྤེལ་རེས་དང་རྒྱུས་ལོན་གནང་རེས་སོགས་བརྒྱུད་དེ། སྤྱི་འཐུས་ནང་ཁུལ་ལའང་ཚོགས་ཆུང་ཆ་བགོས་ཀྱིས་ལག་ལེན་བསྟར་ཕྱོགས་གོ་བསྡུར་སྙན་ཐོ་ཁག་ཁ་ཤས་བཏོན་ཡོད་པ་དང་འབྲེལ། མཐའ་དོན་བོད་དོན་འཐབ་བྱུས་འཆར་གཞིའི་ཡིག་ཆ་ཞིག་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་ལ་ཕབ་ནས་ཚོགས་འདུ་དེར་ཡོངས་བསྒྲགས་གནང་བ་དེས། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཁ་གསལ་བོ་དང་། མ་འོངས་བོད་དོན་འཐབ་རྩོད་ཞུ་སྐུལ་ལ་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་ཕྱོགས་ཁ་ཇེ་གསལ་དུ་གྱུར་ཡོད་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཁོང་གིས་ཡིག་ཆ་དེ་ནི། རྩ་བ་ད་ལྟ་བར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕལ་ཆེ་བ་ལག་ལེན་བསྟར་བཞིན་པ་ཆགས་ཡོད་པ་སྟེ། ཡིག་ཆ་དེའི་འབྱུང་ཁུངས་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན། གྲོས་ཚོགས་ཀྱི་འགན་དབང་དང་འབྲེལ་ཡོད་པ་རྣམས་ཕུགས་དམིགས་ཁ་གསལ་བཟོས་ནས། ཐབས་བྱུས་ཀྱི་ལག་ལེན་བསྟར་ཕྱོགས་ནང་གསེས་ལྔ་དྲུག་རེ་གཏན་ལ་ཕབ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞིའི་ཡིག་ཆ་དེ་གཙོ་བོ་སྡེ་ཚན་མི་འདྲ་བ་ཁག་གསུམ་བཟོས་ཏེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ལམ་སྟོན་དང་། ཐབས་བྱུས་དམིགས་ཡུལ། ལག་ལེན་འཆར་འགོད་བཅས་སུ་བཀར་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།