བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཆ་བགོས་ཀྱིས་བལ་ཡུལ་དང་ཡོ་རོབ་སོགས་གང་སར་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་འདུག

2024.10.22
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཆ་བགོས་ཀྱིས་བལ་ཡུལ་དང་ཡོ་རོབ་སོགས་གང་སར་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་བལ་ཡུལ་དུ་འཚམས་གཟིགས་སྐབས། པར། TPiE
TPiE

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་ལམ་སྟོན་དང་བདེ་སྡུག་ལ་གཟིགས་ཞིབ། བོད་དོན་ཞུ་གཏུག་བཅས་ཀྱི་སླད་སྐུ་ཚབ་ཚོགས་ཆུང་ཆ་བགོས་ཀྱིས་ཡོ་རོབ་དང་། ཨ་རི། རྒྱ་གར། བལ་ཡུལ་སོགས་ཡུལ་ལུང་གང་སར་བོད་དོན་ཆེད་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་པ་ལྟར། བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཟླ་༡༠ བའི་ཚེས་༤ ནས་༡༩བར་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་རར་ཡོད་པའི་བཙན་བྱོལ་བོད་མི་གནས་ཡུལ་བཀྲ་ཤིས་གླིང་དང་། བྱམས་པ་གླིང་། གློ་སྒྲིག བཀྲ་ཤིས་སྒང་། བཀྲ་ཤིས་དཔལ་འཁྱིལ་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་འགྲུབ་ཡོད་འདུག

Tibetan Parliamentary delegation (2).jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཧྥ་རན་སིར་འཚམས་གཟིགས་གནང་སྐབས། པར། TPiE


གཞན་བོད་མི་མང་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས། ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་ཧྥ་རན་སིའི་རྒྱལ་ཁབ་ནང་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། འདི་ཚེས་༢༡ ཉིན་ཁོང་རྣམ་པས་ཧྥ་རན་སིའི་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་གཞོན་པ་སྐུ་ཞབས་(Thomas Piana)་ལགས་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་གྱི་ལས་རིམ་སོགས་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་འདུག གཞན་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་འགན་འཛིན་(Benoit Guidee)་ལགས་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སོགས་ཞིབ་ཕྲ་སྙན་སེང་ཞུས་ཡོད་འདུག
སྤྱི་འཐུས་རྣམ་པས་(Le Museum Quai Branly)་ཞེས་པའི་འགྲེམས་སྟོན་ཁང་གི་ཚན་རིག་འགན་འཛིན་ལྕམ་(Anne- Solene Rolland)་ལགས་དང་ལྷན་མཇལ་འཕྲད་ཀྱིས་སྔོན་ལྟར་བོད་ཀྱི་མིང་ལ་(Tibet)་རང་སོར་བཞག་པར་བསྔགས་བརྗོད་དང་འབྲེལ། སྤྱི་ཡོངས་ཀྱི་བོད་པའི་ལོ་རྒྱུས་སྐོར་ཞིབ་ཕྲ་འགྲེལ་བརྗོད་དང་། དེ་བཞིན་(Museum Guimet)་ཞེས་པའི་འགྲེམས་སྟོན་ཁང་དུ་གཟིགས་སྐོར་ཕེབས་ཏེ། བོད་ཀྱི་མིང་ (Tibet)་ཞེས་པའི་ཚབ་ཏུ་ཇི་ལྟར་(Himalayan World)་ཞེས་པར་བསྒྱུར་བའི་སྐོར་སོགས་ལ་ཞིབ་ཕྲ་རྒྱུས་ལོན་གནང་ཡོད་འདུག
དེའི་སྔོན་རེས་གཟའ་ཉི་མའི་ཉིན་སྤྱི་འཐུས་སྐུ་ཚབ་རྣམ་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་པེ་རི་སི་(Guimet)་འགྲེམས་སྟོན་ཁང་གིས་"བོད"ཅེས་པའི་མིང་ཚབ་ཏུ་(Le Monde Himalayan)་ཞེས་ཧི་མ་ལ་ཡའི་འཛམ་གླིང་ཞེས་པའི་མིང་བྱང་བེད་སྤྱོད་བཏང་བར་ས་གནས་བོད་མི་དང་ལྷན་དུ་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་འདུག
དེ་ནས་སྤྱི་འཐུས་རྣམ་པ་དང་མཉམ་དུ་བྷེལ་ཇམ་བོད་ཀྱི་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་གཉིས་ལྷན་བཅར་གྱིས་ཧྥ་རན་སིའི་དཔོན་རིགས་ཁག་དང་ལྷན་དུ་མཇལ་འཕྲད་ཀྱང་གནང་འདུག་ལ། ཁོང་ཚོ་པེ་རི་སིའི་རྫོང་སྡེ་བཅུ་གཅིག་པའི་སྤྱི་ཁྱབ་གྲོང་གཙོ་(Francois Vauglin)་ལགས་དང་་མཇལ་འཕྲད་བྱུང་ཡོད་པ་དང་། ཁོང་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག་པ་མ་ཟད། ལོ་ལྟར་རྫོང་སྡེ་བཅུ་གཅིག་པ་དེའི་ནང་སྤོབས་པ་ཆེན་པོས་ཕྱི་ཟླ་༣ ཚེས ༡༠ ཉིན་སྤྱི་ཁང་གི་སྒོ་འགྲམ་དུ་བོད་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།

Tibetan Parliamentary delegation (4).jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་སུད་སིར་འཚམས་གཟིགས་གནང་སྐབས། པར། TPiE


དེ་མཚུངས་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ཚེས་༡༩ཉིན་སུད་སིར་འབྱོར་ཡོད་པ་དང་། སྤྱི་འཐུས་རྣམ་པས་སུད་སི་ཇི་ནི་ཝ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Cédric JEANNERET)་ལགས་དང་། སུད་སི་བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་ཡོད་འདུག
ཚེས་༢༠ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྤྱི་འཐུས་རྣམ་པར་དོན་ཁང་དང་། ལས་བྱེད་སོ་སོའི་ལས་དོན་སྐོར་ངོ་སྤྲོད་དང་འབྲེལ། དོན་གཅོད་ལས་ཁུངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་དང་ལས་དོན་བྱེད་ཕྱོགས། བོད་དོན་ཞུ་སྐུལ་གནང་ཕྱོགས་བཅས་ཀྱི་ཐད་ཟབ་སྦྱོང་ཚོགས་གནང་ཡོད་འདུག

Tibetan Parliamentary delegation (1).jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ལ་དྭགས་ཁུལ་དུ་འཚམས་གཟིགས་གནང་སྐབས། པར། TPiE


ཡང་ཚོགས་ཆུང་གཞན་ཞིག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་གཉིས་ཀྱིས་ལ་དྭགས་ཁུལ་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། ཟླ་༡༠ པའི་ཚེས་༡༤ ནས་༡༨ བར་ལ་དྭགས་བྱང་ཐང་ནུ་མ་དང་། བཀག་གཞུང་། རྒོད་ཡུལ། ཧེན་ལེ། ཆུ་མུར། སུམ་མདོ། ས་སྨད་བཅས་སུ་གཟིགས་སྐོར་དང་། མི་མང་ལ་ཐུག་འཕྲད། ས་གནས་ཀྱི་གནས་སྟངས་གཟིགས་ཞིབ་གནང་བ་སོགས་གནང་ཡོད་པ་རེད།

Tibetan Parliamentary delegation (5).jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་མི་ནི་སོ་ཌར་འཚམས་གཟིགས་གནང་སྐབས། པར། TPiE


ལྷོ་བྱང་ཨ་རིའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་དང་། སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་གཉིས་ཀྱིས་སྤྱི་ཟླ་༡༠ པའི་ཚེས་༡༩ ནས་༢༠ བར་ཉིན་གཉིས་རིང་ཨ་རིའི་མི་ནི་སོ་ཌ་(Minnesota)་མངའ་སྡེའི་ནང་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་དཔལ་མོ། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎