འཛིན་སྐྱོང་གི་ངོས་ནས་ཀརྨ་པ་རིན་པོ་ཆེ་ཚུར་རྒྱ་གར་དུ་ཕེབས་ཐུབ་ཐབས་སུ་ཕྱག་ལས་གནང་བཞིན་པ་གྲོས་ཚོགས་ནང་ལན་འདེབས་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་བའི་ལས་ཉིན་དགུ་བ། སྤྱི་ཟླ་༣པའི་ཚེས་༢༤ཉིན་གྱི་གྲོས་ཚོགས་ལས་རིམ་དུ་ཆོས་རིག་ལྷན་ཁང་གི་སྔོན་རྩིས་གཏན་འབེབས་གནང་སྐབས། དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས། དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་མཆོག་ཚུར་རྒྱ་གར་དུ་ཕེབས་རྒྱུ་གལ་ཆེན་ཡིན་པ་དང་། མ་འོངས་པར་ཕྱི་ནང་གི་འགོག་རྐྱེན་གང་ལ་འཕྲད་ཀྱང་དེའི་སྐོར་ལ་ནུས་པ་ཐོན་པའི་ཐོག་ནས་ང་ཚོའི་བསྟན་པ་རྒྱུན་འཛིན་བྱེད་པར། ཁོང་ལྟ་བུ་སྐྱེས་ཆེན་ལོ་ན་གཞོན་པ་དགོས་པ་དེ་ཧ་ཅང་གིས་གལ་ཆེན་ཆགས་ཡོད་པར་བརྟེན། དེ་ལ་ཐུགས་བསམ་བཞེས་རོགས་ཞེས་འཛིན་སྐྱོང་ལ་འབོད་སྐུལ་གནང་ཡོད་པ་རེད།
དེ་ལ་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ནས་དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ། ཉེ་བའི་ཆར་གང་ལྟར་ཚུར་རྒྱ་གར་དང་བལ་ཡུལ། འབྲུག་སོགས་སུ་མ་འོངས་པར་ཆིབས་བསྒྱུར་གནང་རྒྱུའི་དགོངས་པ་ཡོད་པ་སོགས་ཚང་མ་ང་ཚོས་ཤེས་བསྡད་ཡོད། རྒྱ་གར་གཞུང་ལ་འབྲེལ་བ་བྱེད་དགོས་པ་དེ་ཞིབ་ཕྲ་འདིར་ཞུས་བསྡད་ན་ཕན་གནོད་ག་ཚོད་ཆགས་མིན་ཤེས་ཀྱི་མི་འདུག་པས། རྒྱ་གར་གཞུང་དང་དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་ངོས་ནས་རེད། ད་ལྟ་ངས་འབྲེལ་བ་ཞུ་ས་དེ་ལྕམ་སྲིང་ལ་ཞུས་བསྡད་ཡོད་པ་རེད། དེ་འདྲའི་ཐོག་ནས་གང་ལྟར་རྒྱ་གར་གཞུང་གིས་དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་ཚུར་ཆིབས་བསྒྱུར་གནང་ཐུབ་པར། ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་པ། རང་དབང་གི་ཐོག་ནས་ཕྱག་ལས་ཡག་པོ་གནང་ཐུབ་པ་སོགས་ཀྱི་ཐད་ནས་འབྲེལ་བ་བྱས་བསྡད་ཡོད་པ་ལན་འདེབས་གནང་སོང་།
ཉེ་ལམ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས། བཀའ་བརྒྱུད་སྨོན་ལམ་འཕར་མའི་སྐབས་དྲྭ་ལམ་བརྒྱུད་དམིགས་བསལ་བཀའ་སློབ་གནང་སྐབས། ཁོང་རྒྱ་གར་དུ་ཡོང་འདོད་མེད་པ་རྩ་བ་ནས་མིན་པར། ཡོང་འདོད་ཡོད་པའི་རྒྱུ་མཚན་ཚང་མས་མཁྱེན་གསལ་རེད། ཡིན་ནའང་། འདས་པའི་ལོ་བཅོ་བརྒྱད་རིང་དུས་ཚོད་མང་ཆེ་བ་རྒྱ་གར་དུ་བསྡད་པའི་སྐབས། གནས་ཚུལ་མང་པོ་བྱུང་བ་དང་དཀའ་ངལ་མང་པོ་འཕྲད་པ་རེད། དེ་འདྲའི་ཉམས་མྱོང་དང་བག་ཆགས་ད་དུང་ཡང་ཡོད་པས། ལམ་སེང་ལོག་ཤོག་ཅེས་ན་ལོག་ཆོག་ཆོག་ལས་སླ་བོ་མི་འདུག་ཅེས་བཀའ་སྩལ་ཡོད།
དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནི། བོད་ཀྱི་མཚུར་ཕུ་དགོན་པ་ནས་དགུང་ལོ་༡༤ལ་ཕེབས་སྐབས་ཏེ་སྤྱི་ལོ་༢༠༠༠ལོའི་སྤྱི་ཟླ་དང་པོའི་ནང་རྒྱ་གར་རྡ་རམ་ས་ལར་ཆིབས་བསྒྱུར་བཞུགས་གདན་འཇགས་གནང་མཛད་ཡོད་པ་དང་། སྤྱི་ལོ་༢༠༡༧ལོར་རྒྱ་གར་ནས་ཨ་མི་རི་ཀར་ཆིབས་བསྒྱུར་གནང་བ་ནས་བཟུང་། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཕྱིར་རྒྱ་གར་དུ་ཆིབས་བསྒྱུར་གནང་ཐུབ་མེད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།