རྒྱ་ནག་གིས་ཨེ་ཝེ་ཝེ་ཡི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་སློག་འདུག
2015.07.22

སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡི་ཕྱི་བསྐྱོད་ལག་འཁྱེར་རྒྱ་ནག་གིས་གཞུང་བཞེས་བཏང་སྟེ་ལོ་བཞིའི་རྗེས་སུ་ཁོང་ལ་ཕྱིར་སློག་བྱས་འདུག
དེ་ཡང་རྒྱ་ནག་གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་སྒྱུ་རྩལ་བ་Ai Weiweiཡིས་ཁ་ས་རོ་ཨི་ཀྲར་གསར་ལས་ཁང་ལ་ཁ་པར་བརྒྱུད་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་། རྒྱལ་ས་པེ་ཅིང་གི་ཉེན་རྟོག་ལས་ཁུངས་ནས་རེས་གཟའ་ལྷག་པའི་ཉིན་ཁོང་གི་ཕྱིར་སྐྱོད་ལག་འཁྱེར་ཕྱིར་སློག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། དེ་ལྟར་རྩིས་ལེན་བྱེད་པར་བཀའ་འགུག་བྱས་རྗེས་དངོས་སུ་ཕྱི་སྐྱོད་ལག་འཁྱེར་ལག་སོན་བྱུང་ཡོད་ལུགས་བརྗོད་ཡོད་པ་རེད། Ai Weiweiགིས་མུ་མཐུད་བརྗོད་པར། ད་ཆ་ཁོང་ལ་ཕྱི་སྐྱོད་ལག་ཁྱེར་ལག་སོན་ཡོད་སྟབས་རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་ཏུ་འགྲིམ་འགྲུལ་བྱ་རྒྱུར་ཁྲིམས་ཐོག་ནས་དམ་བསྒྲགས་གང་ཡང་མེད་ཀྱང་འགྲུལ་བཞུད་བྱ་དང་མི་བྱེད་དེའི་ཐད་ཕྱིའི་རྒྱལ་ཁབ་ཁག་ནས་འགྲིམ་འགྲུལ་གྱི་ཐོངས་མཆན་VISAསྤྲོད་མིན་ལ་རག་ལུས་ཡོད་སྐོར་བརྗོད་འདུག རྒྱ་ནག་གཞུང་གིས་ལོ་བཞིའི་སྔོན་སྒྱུ་རྩལ་བ་Ai Weiweiའཛིན་བཟུང་གིས་ཉིན་གྲངས་༨༡རིང་གསང་བའི་དོ་དམ་འོག་བཀག་ཉར་བྱས་བ་དང་། སྐབས་དེར་ཁོང་གི་ཕྱི་སྐྱོད་ལག་ཁྱེར་ཡང་གཞུང་བཞེས་བཏང་ཡོད་འདུག Ai Weiwei ལ་Germanyདང་། ཨ་རི། དབྱིིན་ཡུལ་སོགས་ནས་སྒྱུ་རྩལ་གྱི་འགྲེམས་སྟོན་དང་། སྒྱུ་རྩལ་སློབ་ཁྲིད་སོགས་ཀྱི་མགྲོན་འབོད་ལན་མང་བྱུང་ཡོད་ཀྱང་ཕྱི་སྐྱོད་ལག་ཁྱེར་མེད་པའི་རྐྱེན་གྱིས་འགྲུལ་བཞུད་ཐུབ་མེད་པ་དང་། Ai Weiwei་ཡི་གནས་སྟངས་ལ་སེམས་འཁུར་ཡོད་མཁན་ཚོས་ཁོང་གི་ཕྱིར་སྐྱོད་ལག་ཁྱེར་ཕྱིར་སློག་འབྱུང་ཐབས་སུ་ནུབ་ཕྱོགས་ཡུལ་ཁག་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ལུགས་ཀྱི་ཞུ་གཏུག་ཐེངས་མང་བྱས་འདུག
Ai Weiwei་ཡིས་རོ་ཨི་ཀྲར་གསར་ལས་ཁང་ལ་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་ནས་དེ་སྔ་ཁོང་གི་ཕྱི་སྐྱོད་ལག་ཁྱེར་གཞུང་བཞེས་བཏང་སྐབས་ལག་ཁྱེར་ཕྱིར་ལོག་བྱ་རྒྱུ་ཡིན་ལུགས་བརྗོད་མེད་ཀྱང་ནམ་ཞིག་ལག་ཁྱེར་ཕྱིར་སློག་ཐོབ་རྒྱུའི་ཡིད་ཆེས་ཡོད་པ་དང་། ད་ཆ་ཕྱི་སྐྱོད་ལག་ཁྱེར་ལག་སོན་བྱུང་རྗེས་འཕྲོད་བསྟེན་བརྟག་དཔྱད་ཆེད་ནུབ་ཕྱོགས་ཡུལ་ཁག་ཁོངས་ནས་Germany་ལ་དང་པོ་འགྲུལ་བཞུད་བྱ་རྒྱུའི་འདོད་པ་ཆེ་ཤོས་ཡོད་ལུགས་གསལ་འདོན་བྱས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།