ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་རྐྱེན་བོད་མི་ཚོང་པ་ཚོར་དཀའ་ངལ་འཕྲད་བཞིན་འདུག


2018.08.23
རྒྱ་ནག་གི་ཕྱིར་བསྐྱོད་ལམ་ཡིག རྒྱ་ནག་གི་ཕྱིར་བསྐྱོད་ལམ་ཡིག
པར་ཚགས།

རྒྱ་ནག་གཞུང་གིས་བོད་མི་ཚོའི་ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་བྱས་པའི་རྐྱེན་གྱིས་བོད་མི་ཚོང་པ་ཁག་གཅིག་ལ་དམིགས་བསལ་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་དང་། དཀར་མཛེས་ཁུལ་གྱི་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་རྣམས་ཕྱིར་བསྡུ་བྱས་དང་བྱེད་བཞིན་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་ཅིང་། གནས་ཚུལ་ངོ་སྤྲོད་པས་བརྗོད་པར་གཞིགས་ན། ཉེ་ཆར་རྔ་བ་ཁུལ་གྱི་ས་ཆ་ཁ་ཤས་ལ་ཡང་བསྐྱར་བརྡ་ཐོ་ཞིག་བཏང་འདུག་པ་དེའི་ནང་། ཕྱི་བསྐྱོད་ལག་འཁྱེར་ཡོད་མཁན་གྱི་མིང་ཐོ་བཀོད་ནས་གལ་སྲིད་ཕྱི་ཟླ་ ༩ ཚེས ༡ སྔོན་ཕྱི་བསྐྱོད་ལག་ཁྱེར་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའི་གསལ་བསྒྲགས་སྤེལ་འདུག
དེ་བཞིན་རྔ་བ་ཁུལ་ནས་ཡིན་པའི་ཚོང་བ་ཞིག་གིས། ཁོང་གི་ཕྱི་བསྐྱོད་ལག་ཁྱེར་ད་ལོའི་ལོ་འགོར་རྩིས་སྤྲོད་བྱས་པ་དང་། དེ་དུས་ཕྱི་ཟླ་གསུམ་པའི་རྗེས་ཕྱིར་སློག་བྱ་རྒྱུ་ཞེས་བཤད་ཡོད་ཀྱང་། རྗེས་ནས་ཕྱི་ཟླ་བདུན་པ་བར་དུ་ཕྱིར་འགྱངས་བྱས་ཅིང་། ད་ལྟ་ཕྱི་ཟླ་བཅུ་གཉིས་ནང་མ་གཏོགས་ཕྱིར་སློག་བྱ་རྒྱུ་མིན་ལུགས་བརྗོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ད་དུང་ཁོང་གིས་མུ་མཐུད་དང་ཐོག་རྒྱལ་ཁབ་ནས་ཀྲུང་གོའི་ཆེ་མཐོང་ལེགས་པོ་ཡོང་དགོས་ཚུལ་གྱིས་ཁོང་ཚོར་སྐུལ་ཏེ་བལ་ཡུལ་ནས་རྒྱ་ནག་བར་ཚོང་རྫས་དབོར་འདྲེན་དང་། དེ་བཞིན་བལ་ཡུལ་ནས་ཁང་པ་གླས་ནས་ཚོང་རྒྱག་བཞིན་ཡོད་པ་གསུངས་ཤིང་། ད་ལོ་ནས་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་པའི་རྐྱེན་གྱིས་བལ་ཡུལ་ནང་བསྐྱོད་མ་ཐུབ་པར་ལྷག་ཡོད་སྟབས། བལ་ཡུལ་ནང་ལོ་གཅིག་གི་ཁང་གླ་རྒྱ་སྒོར་ཁྲི་བརྒྱད(བལ་སྒོར་འབུམ་བཅུ་གཉིས།)སྔོན་ཚུད་ནས་སྤྲད་ཟིན་པ་གྱོང་གུན་དང་ཚོང་གང་ཡང་རྒྱག་མ་ཐུབ་པར་ལྷག་ཡོད་པ་འགྲེལ་བརྗོད་གནང་ཡོད། དེ་བཞིན་ཡང་ཁོང་གིས་གོང་བརྗོད་རྔ་བ་ཁུལ་གྱི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུའི་བརྡ་ཐོ་བཏང་སྟེ་སྤྱི་བདེ་མི་སྣ་ནས་གལ་སྲིད་ཕྱི་བསྐྱོད་ལག་ཁྱེར་རྩིས་སྤྲོད་མ་བྱས་ན། ཁྱིམ་ཐོ་མེད་པར་བཟོས་རྒྱུ་མ་ཟད་མིང་ཐོ་ནག་པོའི་འཇུག་རྒྱུའི་ཉེན་བརྡ་གཏོང་གི་ཡོད་ཅེས་བོད་མི་མིང་བརྗོད་མེད་པ་དེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད།
ཡང་ཁོང་ལ་རྒྱ་རིགས་ཚོང་པ་གྲོགས་པོ་མང་པོ་ཡོད་ལ་དེ་ཚོར་ཕྱི་བསྐྱོད་ལག་ཁྱེར་ཐད་དཀའ་ངལ་གང་ཡང་མི་འདུག་ཅེས་གསུངས་ཤིང་། འདི་ནི་མི་གཅིག་གི་དཀལ་ངལ་མ་ཡིན་པར་དེང་སྐབས་བལ་ཡུལ་ནས་རྒྱ་ནག་ནང་ཚོང་རྫས་དབོར་འདྲེན་བྱེད་མཁན་དང་། དེ་བཞིན་བལ་ཡུལ་ནང་ཚོང་ལས་གཉེར་མཁན་བོད་མི་མང་པོ་ཞིག་ལ་དཀལ་ངལ་དེ་འཕྲད་བཞིན་པ་གསུངས་ཡོད་པ་རེད།
དེ་མིན་ད་ལོའི་ལོ་སྟོད་ནས་མཚོ་སྔོན་དང་ཀན་སུའུ་སོགས་བོད་ཁུལ་གྱི་བོད་མི་ཚོའི་ཕྱི་བསྐྱོད་ལག་ཁྱེར་ཕྱིར་བསྡུ་བྱས་ཡོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎