འགྲོ་བསྐྱོད་སྟབས་བདེ་ཡོང་ཆེད་ཕྱི་བསྐྱོད་ལག་འཁྱེར་བཟོས་པ་ཀརྨ་པ་མཆོག་གིས་གསུངས་འདུག
2018.10.29
རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཕྱིའི་རྒྱལ་ཁབ་གང་སར་འགྲོ་བསྐྱོད་སྟབས་བདེའི་ཆེད་ཕྱིའི་ཕྱི་བསྐྱོད་ལག་ཁྱེར་བཟོས་གནང་བ་ཡིན་པ་གསུངས་འདུག
དེ་ཡང་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁེ་ན་ཌའི་ནང་དྲ་རྒྱ་བརྒྱུད་ཐད་གཏོང་གསུངས་ཆོས་ཤིག་བསྩལ་བའི་མཇུག་སྡོམ་གསུང་བཤད་གནང་སྐབས། སྤྱི་ཟླ་༡༠པའི་ཚེས་༢༨ཉིན་ཞོར་དུ་གནད་དོན་གལ་ཆེན་ཁག་གཅིག་གི་ཐོག་ལ་གསལ་བཤད་གནང་སྐབས། སྤྱིར་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་སྐྱབས་བཅོལ་བ་ཚོར་འགྲུལ་བསྐྱོད་ལམ་ཡིག་(travel document)་གནང་ནས་ཕྱི་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་རེད། ཡིན་ན་ཡང་དོན་དངོས་སུ་ཕྱིའི་རྒྱལ་ཁབ་གང་སར་ཕེབས་སྐབས་ལུང་པ་འགའ་རེའི་ནང་དེ་ངོས་ལེན་མི་བྱེད་པའི་དཀའ་ངལ་དང་། དེ་བཞིན་གནམ་ཐང་ནས་འདྲི་རྩད་མང་པོ་བྱེད་པ་ཐ་ན་རྒྱ་གར་རང་གི་འབྲེལ་ཡོད་ཚོས་མཚམས་རེར་ལག་འཁྱེར་དེ་ངོས་མི་ཟིན་པ་དངོས་ཡོད་གནས་ཚུལ་ཁག་གསུངས་གནང་བ་དང་། དེར་བརྟེན་བོད་ཀྱི་བླ་ཆེན་གཞན་ཁག་དང་གཅིག་མཚུངས་སྐུ་ཉིད་ལ་ཡང་མ་འོངས་ཕྱིའི་
རྒྱལ་ཁབ་གང་ས་གང་ལ་ཕེབས་ནས་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་དགོས་ཀྱི་ཡོད་སྟབས་གནས་སྟངས་དེ་འདྲ་ཞིག་གི་འོག་འགྲུལ་བསྐྱོད་སྟབས་བདེའི་ཆེད་དུ་ལག་འཁྱེར་དེ་བཟོས་པ་ཞིག་རེད་ལ་དེ་བཞིན་ད་ལྟ་རྒྱ་གར་ནང་ཕར་མགྱོགས་ནས་མྱུར་དུ་ཕེབས་ཐུབ་རྒྱུའི་ཆེད་དུ་ཐོངས་མཆན་ཞུ་བཞིན་པ་ཡིན་ཞེས་གསལ་བཤད་གནང་འདུག
ད་དུང་མུ་མཐུད་དུ་གསུངས་དོན། འདི་ལོ་ཕྱི་ཟླ་༣པའི་ནང་ལ་(Commonwealth of Dominica)ཞེས་པའི་ལུང་པ་དེའི་ཕྱི་བསྐྱོད་ལག་འཁྱེར་དེ་བཟོས་པ་ཞིག་ལས་དེ་སྔོན་བརྒྱུད་ལམ་ཁག་ནང་(Dominican Republic)རེད་བརྗོད་པ་དེ་ནོར་བ་ཡིན་པ་རེད་འདུག
དེ་ཡང་གནས་སྟངས་དེའི་དབང་གིས་སོ་སོ་གཅིག་པུས་དེ་བཟོ་དགོས་ཡག་བྱུང་སོང་ཞེས་གསུངས་བ་དང་། ཡང་དེ་བཞིན་རྒྱ་གར་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཅས་ལ་སྙན་སེང་ཞུས་ཡོད་པ་གསུངས་འདུག
གཞན་ཡང་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་རྒྱལ་བ་མཐའ་ཡས་རྡོ་རྗེ་མཆོག་ལ་ཉེ་ལམ་ཧྥ་རན་སིའི་(France)ནང་མཇལ་ཕྲད་གནང་བ་དེ་ནི་སྐུ་ཉིད་ལ་ལོ་ཤས་སྔོན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་འཕྲད་གནང་ན་ཡག་པོ་ཡོད་པའི་སྐོར་བཀའ་སློབ་ཐེངས་གཅིག་གཉིས་ཕེབས་ཡོད་པ་དང་། དེ་བཞིན་ཁོང་སྐུ་སྒེར་གྱིས་ཐག་
གཅོད་གནང་བ་ཞིག་ཡིན་པ་དང་ཁོང་གཉིས་མཇལ་འཕྲད་དེ་ཡང་ཕྱི་རྒྱལ་ནང་མ་གཏོགས་རྒྱ་གར་ནང་ཡོང་ཐུབ་རྒྱུ་རྩ་བ་ནས་མེད་པར་བརྟེན་གོ་སྐབས་བཟུང་ནས་ད་ལན་མཇལ་འཕྲད་དེ་བརྒྱུད་ནས་རྒྱལ་བ་མཐའ་ཡས་རྡོ་རྗེ་ཁོང་ཉིད་ཐུགས་གཤིས་བཟང་པོ་ཡོད་པ་དང་བསྟན་པ་སྤྱིའི་དོན་དག་ལ་དགོངས་པ་བཞེས་མཁན་ཞིག་ཡིན་པ། ཁ་རུ་ཁ་ཐུག་དང་འདྲིས་བདེ་པོ་ཞིག་ཡིན་པ་གསུངས་འདུག འོན་ཀྱང་མཇལ་འཕྲད་དེ་འགོ་ཚུགས་པ་མ་གཏོགས་མཇུག་བསྡོམས་གང་ཡང་ཆགས་ཡོད་མ་རེད་ལ་ལམ་སང་ཐག་གཅོད་ཡག་གང་ཡང་ཡོད་མ་རེད། ད་དུང་ཡང་ཐག་རིང་པོ་ཞིག་འགྲོ་ཡག་ཡོད་པ་རེད། དེར་བརྟེན་ཁོང་གཉིས་གཅིག་པུ་ལ་རག་ལུས་མེད་པ་ཀརྨ་བཀའ་བརྒྱུད་སྤྱི་ཚོགས་ཡོངས་དང་རྗེས་འཇུག་ཡོངས་ལ་རག་ལས་ཡོད་པ་རེད། དེར་བརྟེན་ཚང་མས་ཕུགས་རྒྱག་རིང་པོ་ལ་བསམ་བློ་གཏང་གནང་རོགས་ཞེས་གསུངས་འདུག
གཞན་ཡང་ད་ལན་རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་གྱི་ཕྱི་ཕྱོགས་ནས་བཞུགས་ཡུན་རིང་ཤོས་དང་དེའི་ནང་དུས་ཚོད་མང་ཤོས་ཨ་རིའི་ནང་བསྐྱལ་ཡོད། ཕྱིའི་ལྟ་ཚུལ་ལ་བལྟས་ན་ལྷོད་ལྷོད་དང་སྐྱིད་པོ་ཞིག་ཚོར་གྱི་ཡོད་རྒྱུ་རེད། འོན་ཀྱང་སྐུ་ཉིད་ཀྱི་སྐུ་གཟུགས་གནས་བབ་དང་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པའི་རྐྱེན་མི་ཚེའི་ནང་ད་ལན་དཀའ་ལས་ཁག་ཤོས་དེ་བྱུང་སོང་ཞེས་གསུངས་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།