ཕྱིར་བསྐྱོད་ལག་ཁྱེར་གསར་པ་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ།
རྒྱ་ནག་ནང་གི་རྒྱ་མི་ཞིག་གིས་ཟླ་བ་ཁ་ཤས་གོང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན།རྒྱ་ནག་གི་འགོ་ཁྲིད་ཚོས་ཕྱིར་བསྐྱོད་ལག་ཁྱེར་གསར་པ་བཟོ་རྒྱུ་མཚམས་འཇོག་བྱས་ཡོད་མ་ཟད་ཕར་འགྲོ་ཚུར་འོང་གི་བཀའ་འཁྲོལ་ཉེན་སྲུང་ལས་ཁུང་ནས་ཞུ་དགོས་པ་སོཌ་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་རེད།་འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པས་དམ་དྲག་དེ་རིགས་བྱེད་དགོས་དོན་ནི་རྣམ་པ་འགྱུར་བའི་ཏོག་དབྱིབས་༡༩འི་ནད་ཡམས་གསར་པ་ཌེལ་ཊྲ་ཟེར་བ་དེ་ཁྱབ་གདལ་གྱི་ཉེན་ཁ་སྔོན་འགོག་ཆེད་ཡིན་ལུགས་བརྗོད་མུས་ཡིན་པ་དང་།ཕར་འགྲོ་ཚུར་འོང་ཆོག་པའི་ཐོངས་མཆན་ཛ་དྲག་དང་དགོས་ངེས་རིགས་ལ་མ་གཏོགས་སྤྲོད་རྒྱུ་མིན་སྐོར་རྒྱ་ནག་གི་ནང་འབྱོར་ཕྱིར་ཐོན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆེན་ཇེ་(ChenJie)ཡིས་ཕྱི་ཟླ་༧ཚེས་༣༠ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག
ཨ་མི་རི་ཀའི་ནང་གནས་སྡོད་རྒྱ་མི་ཁག་གཅིག་རྒྱ་ནག་ནས་ཕྱིར་ལོག་མ་ཐུབ་པར་ལུས་ཡོད་པ་དང་ཕྱིར་སྡོད་རྒྱ་མི་དེ་དག་གིས་རྒྱ་ནག་དུ་སྡོད་པའི་རིང་དུས་ཡུན་རྫོགས་ལ་ཉེ་བའི་ཕྱིར་སྐྱོད་ལག་ཁྱེར་གསར་བཟོའི་དམིགས་ཡུལ་མ་འགྲུབ་པར་དེ་མུར་ལུས་ཡོད་ལུགས་ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཚོང་པ་ཀྲང་ཧྲན་ཆི་(Zhang Shengqui) ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་འདུག
ཁོང་གིས་རང་ཉིད་ཀྱི་གྲོགས་པོ་རྒྱ་ནག་དུ་ཕྱིན་ནས་ཕྱིར་ལོག་མ་ཐུབ་པར་ལུས་ཡོད་པའི་སྐོར་དང་དོ་དག་གི་འཐབ་གྲོགས་དང་ཕྲུག་གུ་གཉིས་ཨ་མི་རི་ཀར་ཡོད་ཅེས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཕང་ཡའུན་(Fang Yuan) གྱིས་རྒྱ་ནག་གཞུང་གིས་དམ་དྲག་དེ་རིགས་བྱེད་དགོས་དོན་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ཡིན་ལུགས་འགྲེལ་བརྗོད་བྱེད་མུས་ཀྱང་དོ་དམ་ཐོག་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ནང་རྒྱ་ནག་གི་ཚོང་པ་ཚོའི་འགྲོ་འོང་རང་དབང་ཐོག་དམ་དྲག་བྱ་ཆེད་ཡིན་ལུགས་འགྲེལ་བརྗོད་བྱས་འདུག
ཨ་མི་རི་ཀའི་ནང་གཏན་སྡོད་རྒྱ་རིགས་ཁྲིམས་ལུགས་པ་ཏེང་བྭིའོ་(Teng Biao) ཡིས་རྒྱ་ནག་གཞུང་གིས་རྒྱ་ནག་གི་མི་སེར་ཚོར་རྩ་ཁྲིམས་དང་ཁྲིམས་ལུགས་གཞིར་བཟུང་འགྲོ་འོང་གི་རང་དབང་སྤྲོད་དགོས་ཀྱི་རེད་ཅེས་ཨེ་ཤེ་ཡང་རང་དབང་རླུང་འཕྲིན་ཁང་ལ་གསུངས་འདུག།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།